༢༠༡༣ ཟླ་ ༦ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕ་རན་སིའི་ནང་རྟེན་གཞིས་བྱས་པའི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་རྙིང་ཤོས་དང་ཆེ་ཤོས་གྲས་ཡིན་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཐུན་ཚོགས་( The International Federation for Human Rights) ཞེས་པས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༢ ནས་ ༢༧ བར་ཊར་ཀིའི་(Turkey) རྒྱལ་ས་ཨི་ཚན་བྷུལ་(Istanbul) དུ་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༣༨ འཚོགས་སྐབས་རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་འཕྲལ་མར་མཚམས་འཇོག་གི་ལངས་ཕྱོགས་གསར་པ་འཛིན་དགོས་པའི་དགོས་འདུན་གྱི་གྲོས་ཆོད་བཞག་ཡོད། དེ་ཡང་ལྷན་ཚོགས་སྐབས་རྒྱལ་ཁབ་ ༡༡༧ ནས་གཞུང་འབྲེལ་མིན་པའི་སྐུ་ཚབ་འཐུས་མི་ ༡༧༨ ཕེབས་ཡོད། ལྷན་ཚོགས་སྐབས་བོད་ནང་དུ་རང་ལུས་མེར་སྲེག་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ཐོག་བསམ་ཞིབ་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་དམ་བསྒྲགས་ཧ་ཅང་ཆེ་བའི་སྲིད་བྱུས་དེ་དག་འཕྲལ་མར་མཚམས་འཇོག་བྱས་ཏེ། བོད་ཀྱི་གནད་དོན་སེལ་ཆེད་སྲིད་བྱུས་ལག་བསྟར་བྱེད་དགོས་པའི་རེ་འདུན་བཏོན་པ་མ་ཟད།
རྒྱལ་སྤྱིའི་ཚོགས་པ་ཁག་གིས་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོར་གནོན་ཤུགས་སྤྲད་དེ་བོད་ནང་དམག་མི་དང་གོ་མཚོན་བཀོད་སྒྲིག་བྱེད་རྒྱུ་མཚམས་འཇོག་ཡོང་ཐབས་དགོས་པ་འཁོད་ཡོད། ཕྱོགས་མཚུངས་གྲོས་ཆོད་དེའི་ནང་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་ནང་རྒྱ་རིགས་གསར་འགོད་པར་དམ་བསྒྲགས་མེད་པ་ལྟར་བོད་ཀྱི་ས་ཁུལ་ཁག་ཏུའང་འབྲེལ་ཡོད་རྒྱལ་ཁབ་གཞན་ཚོའི་གསར་འགོད་པ་བསྐྱོད་ཐུབ་ཐབས་གནང་དགོས་པ་འཁོད་ཡོད། དེ་བཞིན་གྲོས་ཆོད་དེའི་ནང་དེང་སྐབས་བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག་སོགས་ལ་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད་པ་མ་ཟད། བོད་ནང་རྒྱ་མི་རིགས་ཧ་ཅང་མང་པོ་གནས་སྤོ་བྱེད་བཞིན་པ་སོགས་ལ་བརྟེན་ནས་བོད་མིའི་རིག་གཞུང་རྩ་མེད་དུ་འགྲོ་རྒྱུའི་ཉན་ཁ་འཕྲད་བཞིན་པའི་ཛ་དྲག་ཆེ་བའི་དུས་སྐབས་འདིར། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་བོད་མིའི་སྐུ་ཚབ་དང་ལྷན་བོད་ཀྱི་དཀའ་ངལ་སེལ་ཆེད་གང་མགྱོགས་གྲོས་མོལ་བསྐྱར་མཐུད་གནང་དགོས་པ་དང། བོད་མི་ཚོས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཧ་ཅང་ཞུ་བཞིན་པ་མ་ཟད། འབྱུང་འགྱུར་བོད་མིའི་འཐབ་རྩོད་ཐོག་ཁོང་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དེར་རྒྱ་ནག་གཞུང་གིས་བརྩི་འཇོག་བྱས་ཏེ། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རྒྱུས་མཚོན་གཞི་མེད་ཀྱི་སྐྱོན་འཛུགས་བྱ་རྒྱུའི་དྲིལ་བསྒྲགས་ལོག་པ་རྣམས་མཚམས་འཇོགས་དགོས་པའི་རེ་འདུན་བཏོན་འདུག
གྲོས་ཆོད་རྒྱས་པར་གཟིགས་ཆེད་འདིར་གནོན།