༢༠༡༣ ཟླ་ ༦ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་ས་གནས་འགོ་འཛིན་ལས་ཁང་གི་རྩིས་པ་ཟུར་པ་འཆི་མེད་རྡོ་རྗེས་བཟོ་གཞིས་འགོ་འཛིན་དང་བཟོ་གཞིས་འགན་འཛིན་ལྷན་ཚོགས་གཉིས་ཀྱི་བཀའ་འཁྲོལ་དང་ཤེས་རྟོགས་མེད་པར། ས་ཆ་ཉོ་སྒྲུབ་བྱས་ཚུལ་གྱི་ཡིག་ཆ་དང་རྩིས་ཁྲ་རྫུན་བཟོ་བྱས་ཏེ་སྤྱི་དངུལ་བལ་སྒོར་འབུམ་ ༨༨ སྒེར་ཟོས་བྱས་པའི་གནས་ཚུལ་ཐོས་འཕྲལ་ནང་སྲིད་ལས་ཁུངས་ནས་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་གནང་བའི་ཚོགས་ཆུང་གི་སྙན་ཐོ་ཕྱོགས་བསྡོམས་ཀྱིས་དཔལྡན་བཀའ་ཤག་ལྷན་རྒྱས་སུ་སྙན་གསན་ཞུས་ཐོག་དཔལྡན་བཀའ་ཤག་ནས་དཔྱད་ཞིབ་ཀྱིས་མཐའ་མའི་ཐག་གཅོད་བཅད་ཁྲ་ཕེབས་པ་གཤམ་གསལ།
ཕ་ཚེ་འདས་ཚེ་རིང་ཆོས་འཕེལ་དང་། མ་བསོད་ནམས་དབྱངས་འཛོམས་གཉིས་ཀྱི་བུ་འཆི་མེད་རྡོ་རྗེ། སྐྱེས་ཡུལ་ཨ་སམ། དཔྱ་ཁྲལ་ལག་དེབ་ཨང་། ༼༦༨༨༠༥༥༩༽ དང་། སྐྱེས་ཚེས་ ༡༩༦༢ ཡིན་པ་རྡ་སྟེང་བོད་ཁྱིམ་སློབ་གྲ་ནས་འཛིན་རིམ་བཅུ་པ་ཐོན་རྗེས་རྡོར་གླིང་མཐོ་སློབ་ཏུ་ཕྱིན་འདུག ད་ལྟའི་སྡོད་གནས་ཀ་སྦུག་ནས་ཡིན་པ། ཁོ་པ་དེ་སྔ་ཕྱི་ལོ་ ༡༩༩༢ ཟླ་ ༡ ཚེས་ ༡ ནས་བལ་ཡུལ་འཇོ་ཁེལ་བཟོ་གཞིས་ལས་ཁང་གི་རྩིས་པ་ཡིན་པའི་སྐབས་དང་། དེ་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡ ནས་ས་གནས་འགོ་འཛིན་ལས་ཚབ་དང་རྩིས་པ་གཅིག་ལྕོགས་ཡིན་པའི་སྐབས་གཉིས་ཀར་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག བོད་མིའི་མཚན་དོན་ལ་རྒྱ་བཅས་ལ་རྡོག་རོལ་བཏང་སྟེ། སྤྱི་དངུལ་འབོར་ཆེན་ལྐོག་ཟ་བྱས་པ་དང་། རྩིས་ཁྲ་དང་ཡིག་ཆ་རྫུན་བཟོ་བྱས་པ། བཟོ་གཞིས་ལས་ཁུངས་སུ་གསལ་བཤད་ཆེད་འབོད་འགུགས་བྱས་ཀྱང་མ་བཅར་བ། མཐར་གསལ་བཤད་དག་འབུད་བྱ་རྒྱུ་ཡོད་ཚེ་ཉིན་གྲངས་ ༦༠ ནང་ཚུད་ངོ་བཅར་དགོས་པའི་གསལ་བསྒྲགས་ཆེད་སྤེལ་བྱས་པ་ལའང་ཡ་ལན་རྩ་བ་ནས་མ་བྱས་པ་བཅས་ལ་བརྟེན། བོད་མིའི་གསར་འགྱུར་བརྒྱུད་ལམ་ཁག་ཐོག་ཁོ་པས་སྤྱི་དངུལ་སྒེར་ཟོས་བྱས་སྐོར་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ ༼༢༽ པར་གསལ་བའི་ཡུལ་མིའི་ལས་འགན་དང་རྩ་འགལ་བྱས་ཡོད་པས། ཇི་སྲིད་དུ་ཁོ་པས་འགྱོད་བཤགས་དང་སྦྲགས་སྤྱི་དངུལ་རྩིས་ཆད་ཕྱིར་གསབ་མ་བྱས་པ་དེ་སྲིད་དུ་བོད་མིའི་སྒྲིག་འཇུགས་ཀྱི་ངོས་ནས་ཁོ་པར་བོད་མི་སྤྱི་འགྲེ་ལྟར་ཕན་གྲོགས་གཟིགས་སྐྱོང་གནང་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱ་རྒྱུ་ཡིན་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ལས་ཁུངས་ཁག་དང་། ཚོགས་སྡེ། དགོན་སྡེ་གྲ་ཚང་། སློབ་གྲྭ་བཅས་ཀྱི་མཛད་གཙོ་རྣམ་པའི་ཐུགས་སྣང་ཕྱར་གྲུ་མཉམ་འདེགས་གནང་གལ་གྱི་གསལ་བསྒྲགས་སུ།