༢༠༡༣ ཟླ་ ༦ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༥ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་བོད་དོན་ཉན་ཞིབ་ཀྱི་ལྷན་ཚོགས་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (International Campaign for Tibet) གི་བར་བརྒལ་འགན་འཛིན་ (Interim President) བུ་ཆུང་ཀེ་ཚེ་རིང་ལགས་ཀྱིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་སོགས་ངོ་སྤྲོད་གནང་དོན།
དེ་རིང་བོད་དོན་ཉན་ཞིབ་ཀྱི་གོ་སྐབས་གནང་བར་ངས་ཊོམ་ལེན་ཊོ་སིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐེངས་འདིའི་ཉན་ཞིབ་སྐབས་ངས་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་ཞུ་འདོད་བྱུང། སྤྱིར་བཏང་ཉན་ཞིབ་ཀྱི་དུས་ཚོད་འདི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གིས་ཁལ་ལི་ཕོར་ནི་ཡ་ California ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་རྒྱུའི་གྲ་སྒྲིག་གནང་བཞིན་པའི་སྐབས་འཁེལ་བར་བརྟེན་དུས་ཚོད་རན་པོ་ཞིག་ཆགས་ཡོད། དེར་བརྟེན་ངས་བོད་ནང་གི་གནས་སྟངས་གསལ་སྟོན་ཐོག སྲིད་འཛིན་ཨོ་བྷ་མ་མཆོག་གི་སྲིད་གཞུང་ནས་རིང་མིན་རྒྱ་ནག་གི་སྲིད་འཛིན་དང་མཉམ་ལྷན་ཚོགས་སྐབས་གཙོ་བོར་གྱུར་བའི་རྒྱུན་ལྡན་ཨ་རིའི་གཞུང་གིས་བོད་དོན་ཆེད་རྒྱབ་སྐྱོར་ཇི་འདྲ་གནང་དགོས་མིན་གསལ་བཤད་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༥ ཉིན་ཞི་ཅིན་ཕིང་རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་གཙོ་གསར་པར་བསྐོ་གཞག་བྱུང་མཚམས་ཁོང་གིས་བརྗོད་དོན། དེང་སྐབས་ཀྱི་གནས་སྟངས་གསར་པ་འདིའི་འོག་ང་ཚོ་གུང་ཁྲན་ཚོགས་པར་ཛ་དྲག་གིས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད། ཅེས་བརྗོད་པ་མ་ཟད། གཞན་ཡང་ད་དུང་ཁོང་གིས་མུ་མཐུད་བརྗོད་དོན། རྒྱ་མི་རིགས་ཚོས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཚང་མ་འཆམ་མཐུན་ངང་གནས་ཐུབ་རྒྱུའི་ཁོར་ཡུག་བསྐྲུན་ཡོད། ཕུལ་དུ་བྱུང་བའི་གོམས་གཤིས་འདི་ནམ་ཡང་བརླག་ཐབས་མེད། ཅེས་བརྗོད་ཡོད། རྒྱ་ནག་འགོ་ཁྲིད་གསར་པ་ཚོར་འཕྲད་བཞིན་པའི་ཛ་དྲག་གི་དཀའ་ངལ་གཅིག་འདི་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བཞིན་པ་དེ་ཡིན། ཉན་ཞིབ་འདིའི་ཉིན་འགའ་ཤས་སྔོན་དུ་བོད་མི་འབྲོག་པ་བསྟན་འཛིན་ཤེས་རབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡོད། རང་ལུས་མེར་སྲེག་གི་ལས་འགུལ་དེ་དག་གིས་བོད་ནང་ད་ལྟའི་གནས་སྟངས་འོག་བོད་མི་ཚོའི་སེམས་གཏིང་ལ་དཀའ་སྡུག་ཇི་འདྲ་ཡོད་པ་མཚོན་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་འཇིགས་སྣང་དང་དྲག་གནོན། དེ་བཞིན་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་སྟེ་རྩ་མེད་བཟོ་རྒྱུའི་རེ་བ་འཆང་བཞིན་ཡོད་ཀྱང་ལམ་ལྷོང་བྱུང་མེད། དེར་བརྟེན་རྒྱ་ནག་གཞུང་གིས་སྲིད་བྱུས་ལོག་པ་དེས་བོད་ནང་དུ་གནས་སྟངས་མུ་མཐུད་ཛ་དྲག་ཏུ་བཏང་སྟེ། སྤྱི་ཚོགས་འཆམ་མཐུན་ཡོད་ཚུལ་བཤད་པ་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད། བོད་མིས་རང་སྲེག་གི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་རིང་བོད་མིའི་ཐོག་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པས་ཡིན།
གནད་དོན་དེའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲེམས་སྤེལ་བྱས་པའི་དུས་དེབ་མང་དག་ཅིག་ནང་ཁ་གསལ་བཀོད་པ་དཔེར་ན། ལས་འགུལ་ཁང་གིས། རྒྱ་ནག་གཞུང་གིས་བོད་ནང་ལོ་ངོ་དྲུག་ཅུའི་རིང་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་རྐྱེན། བོད་མིའི་རིག་གཞུང་རྩ་མེད་བཟོས་པའི་གནས་སྟངས་ལ་དཔྱད་པ། “60 Years of Chinese Misrule/Arguing Cultural Genocide in Tibet” ཞེས་པ་དང། དེ་བཞིན་རྩྭ་ཐང་སྟེང་གི་རླུང་འཚུབ། བོད་ནང་རང་སྲེག་ལས་འགུལ་དང་རྒྱ་ནག་གཞུང་གི་སྲིད་བྱུས། “Storm in the Grasslands/Self-immolations in Tibet and Chinese Policy.” ཞེས་པའི་དུས་དེབ་ཁག་གཉིས་བཏོན་ཡོད།
དེ་ཡང་དུས་དེབ་དང་པོའི་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་གཏོར་བཤིག་གཏོང་ཆེད་འཆར་གཞི་དང་བང་རིམ་ལྡན་པའི་ཐོག་ནས་དམ་བསྒྲགས་ཅན་གྱི་སྲིད་བྱུས་བསྟུད་མར་ལག་བསྟར་བྱས་རྐྱེན་རྗེས་འབྲས་ཧ་ཅང་ཛ་དྲག་ཆགས་རྒྱུ་ངེས་པར་བརྟེན། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ནི་བོད་ཀྱི་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཤིག་ལ་ངོས་འཛིན་བྱེད་ཆོག་པ་སོགས་རྒྱུ་མཚན་གསལ་བཤད་བྱས་ཡོད། དུས་དེབ་གཉིས་པའི་ནང་བོད་མིའི་རང་སྲེག་གི་ལས་འགུལ་འགོག་ཆེད་རྒྱ་ནག་གཞུང་གིས་དམག་ཤུགས་ཆེ་རུ་གཏོང་བཞིན་ཡོད། སྲིད་བྱུས་དེ་དག་ནི་བོད་མིས་རང་སྲེག་ལས་འགུལ་སྤེལ་དགོས་པའི་རྒྱུ་རྐྱེན་ངོ་མ་དེ་ཡིན་པ་ལས། དཀའ་ངལ་སེལ་ཐབས་ཀྱི་སྲིད་བྱུས་ཤིག་རྩ་བ་ནས་མིན་སྐོར་ཁ་གསལ་བཀོད་ཡོད། དེ་ཡང་ཀིརྟི་རིན་པོ་ཆེ་མཆོག་གིས། རྒྱ་ནག་གི་དབང་སྒྱུར་འོག་བོད་མི་མི་རབས་གསུམ་གྱིས་དཀའ་སྡུག་དང་སྡུག་སྦྱོང་ཚད་མེད་མྱངས་པའི་ཁར། ཉེ་ལམ་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་འོག་བོད་མི་རྣམས་རང་གི་ལུང་པའི་ནང་མི་རིགས་གཉིས་པ་ཆགས་བཞིན་ཡོད་སྐོར་གསུངས་ཡོད།
ངས་འདིར་དཔེ་མཚོན་འགའ་ཞིག་ཞུ་རྒྱུར། ༡༽ དེང་སྐབས་རྒྱ་ནག་གི་གྲོང་ཁྱེར་ཁག་གི་ནང་འགྲོ་བསྐྱོད་དང་སྨྲ་བརྗོད། འདུ་འཛོམས་སོགས་ཀྱི་རང་དབང་གང་ཙམ་ཆེན་པོ་ཡོད་ཀྱང། བོད་ཀྱི་ས་ཁུལ་ཁག་ཏུ་དམ་བསྒྲགས་ཧ་ཅང་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་ཁུལ་ཡོངས་རྫོགས་བཙོན་ཁང་ལྟ་བུར་གྱུར་ཡོད།
༢༽ རྒྱ་ནག་གཞུང་གིས་རྒྱ་རིགས་འཕལ་ཆེ་བར་ཕྱིར་སྐྱོད་ལག་འཁྱེར་བཟོ་རྒྱུའི་ཐབས་ལམ་ལས་སླ་རུ་བཏང་བ་མ་ཟད། མང་ཆེ་བར་བདུན་ཕྲག་གཅིག་ནང་ཕྱིར་སྐྱོད་ལག་འཁྱེར་གསར་བཟོ་བྱ་ཐུབ་བཞིན་ཡོད་ནའང། བོད་རིགས་ཚོར་དེང་སྐབས་ཕྱིར་སྐྱོད་ལག་འཁྱེར་གསར་བཟོ་མ་བྱས་པ་མ་ཟད། ཕྱིར་སྐྱོད་ལག་འཁྱེར་གསར་བཟོ་བྱེད་མཁན་གྱི་བོད་རིགས་ཚོར་རྒྱ་རིགས་ལ་མེད་པའི་ཐབས་ལམ་གསར་པ་བརྒྱུད་ནས་བཟོ་དགོས་པ་དེ་འདྲ་ཆགས་ཡོད། ད་དུང་གནས་སྟངས་དེ་ལས་སྡུག་པ་ཞིག་ལ་རྒྱ་ནག་གཞུང་གིས་ཕྱིར་སྐྱོད་ལག་འཁྱེར་ཡོད་མཁན་བོད་རིགས་འགའ་ཤས་ཀྱི་ལག་འཁྱེར་འཕྲོག་རྐྱེན་ཁོང་ཚོ་དེང་སྐབས་ཕྱིར་བསྐྱོད་བྱ་རྒྱུའི་ཐོབ་ཐང་མེད་པར་གནས་ཡོད་པའི་གནས་ཚུལ་ཐོན་ཡོད།
༣༽ རྒྱ་ནག་གཞུང་གིས་བོད་ནང་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་མང་དུ་ཕྱིན་ཚུལ་བརྗོད་བཞིན་ཡོད་ནའང། བོད་ནང་དུ་བོད་རིགས་རྣམས་ས་ཁུལ་གཅིག་ནས་གཞན་ལ་འགྲོ་རྒྱུར་ཆོག་མཆན་ཞུ་དགོས་པ་དང། ཆོག་མཆན་མེད་ན་འགྲོ་མི་ཆོག་པའི་གནས་སྟངས་ཆགས་ཡོད།
ཡོངས་ཁྱབ་གནས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནས་བོད་རིགས་ཤིག་ལྷ་སར་མཆོད་མཇལ་དུ་ཡོང་དགོས་ན། ཉུང་ཐར་ས་གནས་བདེ་སྲུང་ལས་ཁུངས་ནས་ཡིག་ཆ་གསུམ་མཉམ་འཁྱེར་དགོས་པ་དང། དགེ་འདུན་པ་མིན་པ་བོད་རིགས་སུ་རུང་ས་གནས་གཅིག་ནས་གཞན་ལ་འགྲོ་དགོས་ན་ཡིག་ཆ་གང་རུང་ཞིག་ངེས་པར་དུ་མཉམ་འཁྱེར་བྱེད་དགོས། ལྷ་ས་གྲོང་ཁྱེར་ནི་བོད་མི་ཚོས་ཧ་ཅང་རྩ་ཆེན་པོར་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་དེང་སྐབས་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནས་ལྟ་གཞོག བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གང་རུང་གཅིག་ནས་ལྷ་སར་མཆོད་མཇལ་ཞུ་བར་འགྲོ་རྒྱུར་དཀའ་ངལ་ཧ་ཅང་མང་པོའཕྲད་བཞིན་ཡོད་པར་བརྟེན་འགྲོ་མི་ཐུབ་པའི་གནས་སྟངས་ལྟ་བུ་ཆགས་ཡོད།
དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་བཞུགས་པི་དྲ་གནས་ཐོག་རྩོམ་བྲིས་སྤེལ་མཁན་གྲགས་ཅན་ཚེ་རིང་འོད་ཟེར་ལགས་ཀྱིས་ཁོ་མོ་རྒྱ་རིགས་གསུམ་དང་ལྷན་ལྷ་སར་བསྐྱོད་སྐབས། ལམ་བར་དུ་ཁོ་མོའི་རོགས་པ་རྒྱ་རིགས་གསུམ་ལ་དྲི་བ་ཙམ་ཡང་མ་བྱས་པར་ཆོག་མཆན་སྤྲད་ཀྱང་ཚེ་རིང་འོད་ཟེར་ལགས་སུ་ལྷ་སར་འགྲོ་རྒྱུར་དམིགས་བསལ་ཡིག་ཆ་དགོས་པའི་བཀའ་བཏང་བ་དེར་ཁོ་མོ་ཧ་ཅང་ཡ་མཚན་སྐྱེ་དགོས་པའི་གནས་ཚུལ་བྱུང་ཡོད། ཅེས་སོགས་ཉན་ཞིབ་ནང་འཁོད་པ་མ་ཟད། ཉན་ཞིབ་ཡིག་ཆ་མཐའ་མ་དེར་རྒྱ་ནག་གི་འགོ་ཁྲིད་གསར་པ་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག བོད་ཀྱི་དཀའ་ངལ་སེལ་ཆེད་བཟང་ཕྱོགས་ཀྱི་ཐབས་ལམ་འཛིན་ཏེ་རྒྱ་ནག་ལ་གདེང་སྤོབས་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་རྒྱལ་སྤྱིའི་ནང་རྣམ་འགྱུར་གསར་པ་ཞིག་འདོན་རྒྱུའི་གོ་སྐབས་ཡོད། ཁོར་ཡུག་དེ་འདྲ་ཞིག་བསྐྲུན་ཆེད་ང་ཚོས་གཤམ་གསལ་བསམ་འཆར་ཁག་གཅིག་འདོན་རྒྱུ་ཡིན།
བསམ་འཆར།
༡༽ སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་སྐབས། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་པའི་འབོད་སྐུལ་གནང་བ་བརྒྱུད་བོད་མིའི་ཐུན་མིན་ཆོས་དང་སྐད་ཡིག རིག་གཞུང་སྲུང་སྐྱོབ་ཆེད་སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་ནས་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་གསལ་སྟོན་གནང་དགོས།
༢༽ སྲིད་འཛིན་ཨོ་བྷ་མ་མཆོག་གིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི། དེ་བཞིན་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་སོགས་རྒྱལ་སྤྱིའི་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ། བོད་མིའི་དངོས་ཡོད་དཀའ་ངལ་དེ་དག་འོག་རང་སྲེག་གི་ལས་འགུལ་སྤེལ་བཞིན་ཡོད་པར་བརྟེན། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་དམ་བསྒྲགས་མཚམས་འཇོག་དགོས་པའི་དགོས་འདུན་དེར་རྒྱ་ནག་གཞུང་གིས་བརྩི་འཇོག་བྱེད་དགོས་པ་རྒྱ་ནག་གི་སྲིད་འཛིན་ལ་གསུངས་དགོས།
༣༽ ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་ནང་བརྟན་ལྷིང་སྲུང་སྐྱོབ། ཟེར་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་བསྐྱར་ཞིབ་ཐོག་དམ་བསྒྲགས་འཕྲལ་མར་མཚམས་འཇོག་གིས་དམག་མི་རྒྱ་སྐྱེད་བྱ་རྒྱུ་མཚམས་འཇོག་དགོས་པའི་རེ་འདུན་འདོན་དགོས།
༤༽ རྒྱ་མིའི་གསར་འགོད་པ་དང་གཞུང་འབྲེལ་མི་སྣ་སོགས་ཨ་རིའི་ནང་འགྲོ་རྒྱུར་དམ་བསྒྲགས་བཀག་སྡོམ་གང་ཡང་མེད་པ་ལྟར། ཨ་རི་དང་རྒྱལ་ཁབ་གཞན། དེ་བཞིན་རྒྱལ་སྤྱིའི་ངོ་བོ་ལྡན་པའི་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་རྣམས་ཀྱང་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་དམ་བསྒྲགས་མེད་པར་འགྲོ་བསྐྱོད་ཆོག་པའི་དགོས་འདུན་འདོན་དགོས། ཞེས་ཉན་ཞིབ་ནང་གསལ་ཡོད།།