༢༠༡༣ ཟླ་ ༦ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་དང་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ས་བགོས་ཀོ་ཀྲི་ཀ་ནལ་དང་། ཨུ་ཀྲི། ཀོ་ལེ་སྒལ་དོན་ལྡན་གླིང་བཅས་སུ་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༦ ནས་ཚེས་ ༢༡ བར་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་དང་སྤྱི་འཐུས་རྒྱུན་ལས་ཀྱི་བརྗོད་གཞི་གཏན་འབེབས་ལྟར་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། དམིགས་བསལ་ཚོགས་ཆེན་ཐེངས་ ༢ པའི་རྒྱབ་གཉེར་སྙན་ཐོ་ཕྱག་བསྟར་གནང་ཕྱོགས། སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༥ པར་གཞུང་འབྲེལ་གྲོས་ཆོད་ཁག་དང་། བཅའ་ཁྲིམས། ཁྲིམས་སྒྲིག་གཞན་ཁག་ལ་བསྐྱར་བཅོས་གནང་བ་སོགས་མང་ཚོགས་ལ་ངོ་སྤྲོད་གསལ་བཤད་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་ནས་བོད་ནང་གི་གནས་སྟངས་ཛ་དྲག་དང་། བོད་བསྟན་སྲིད་སླད་རང་སྲོག་བློས་བཏང་གིས་མི་གྲངས་ ༡༡༧ གྱིས་སྐུ་ལུས་མེ་མཆོད་དུ་ཕུལ་བར་རྒྱ་གཞུང་གིས་སྲིད་བྱུས་ངན་པ་ལག་བསྟར་བྱས་པའི་རྗེས་འབྲེལ་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས། དེ་བཞིན་རྒྱལ་སྤྱིའི་གནས་བབ་དང་། རྒྱ་ནག་དང་བོད་ནང་གི་གནས་སྟངས་སྐོར་མང་ཚོགས་ལ་གཏམ་བཤད་ཐེངས་དྲུག་དང་། དྭོགས་འདྲི་ཁག ས་གནས་ཀྱི་བདེ་སྡུག་ཞུ་བབས་ཁག་ལ་སྐབས་སོ་སོར་ལན་འདེབས་གསལ་བཤད་ཞིབ་ནན་ཞུས།
ས་གནས་སུ་གནད་ཡོད་མི་སྣ་མཇལ་འཕྲད་ཐད། ཀོ་ཀྲི་ཀ་ནལ་གྱི་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་ཟུར་སྐུ་ཞབས་མོ་ཧ་མ་ཌི་ Mohammad མཆོག་དང་ ཀོ་ཌི་ཀ་ནལ་Kodaikanal International སློབ་གྲྭའི་སློབ་སྤྱི་མཆོག བོད་ཀྱི་གྲོགས་པོ་སྐུ་ཞབས་རོ་ཤན་ Mr. Roshan ལགས་དང་། སྐུ་ཞབས་ཕ་རུཀ་ Mr. Farooq ལགས་བཅས་མཇལ་འཕྲད་ཞུས། ཕྱི་ཚེས་ ༡༣ ནས་ཚེས་ ༡༤ བར་ཨུ་ཀྲིར་ས་གནས་ཀྱི་ Collector ལྕམ་སྐུ་ཨར་ཅ་ན་པཊ་ན་ཡཀ་Mrs.Archana Patnaik (IAS) མཆོག་དང་། བོད་ཀྱི་གྲོགས་པོ་ཁྲིམས་རྩོད་པ་བགྲེས་པ་སྐུ་ཞབས་བྷི་ཇེ་ཀི་རི་ཤི་ནན་Mr. B.J.Krishnan མཆོག ཡུལ་སྐོར་སྤྲོ་འཆམ་གྱི་ཚོགས་གཙོ་སྐུ་ཞབས་ཨེས་དྷོ་ར་ཡེ་རཱཇ་ Mr. S. Dorairaj མཆོག་མཇལ་འཕྲད་ཞུས། རྒྱ་གར་གཞུང་དང་མི་མང་བྱེ་བྲག་ཏུ་ཨུ་ཀྲི་དང་ཀོ་ཀྲི་ཀ་ནལ་འཛིན་སྐྱོང་ནས་ས་གནས་ཀྱི་བོད་མི་ཚོརགཟིགས་རྟོག་གང་ལེགས་གནང་བར་བཀྲིན་རྗེས་དྲན་གྱི་ཐུགས་རྗེ་ཞུས་གནང།
ཕྱི་ཚེས་ ༡༥ ནས་ཚེས་ ༢༡ བར་ཀོ་ལེ་སྒལ་དོན་གླིང་གི་ས་གནས་ཀྱི་མཛད་གཙོ་རྣམ་པའི་ལྷན་ Chamrajnagar ཆམ་རཱཇ་ན་གྷར་རྫོང་དུ་བསྐྱོད་ནས་རྫོང་དཔོན་ D.C. ལྕམ་སྐུ་ཨེམ་ཝི་ས་ཝི་ཐི་རི་ M.V. Savithri (IAS) མཆོག་དང་ Zilla Panchayat CEO སྐུ་ཞབས་ཨེམ་ཨར་སོ་མ་ཤེ་ཀ་ར་པMr. M.R.Somashekarappa མཆོག རྫོང་གི་ཟ་འབྲུའི་འགན་འཛིན་ཕྱག་རོགས་སྐུ་ཞབས་པི་སམ་བྷེ་ཡ་ Mr. P.Sambaiah, Deputy Director མཆོག ཀོ་ལེ་སྒལ་ས་གནས་ཀྱི་ DSP སྐུ་ཞབས་ཆན་བྷ་ས་ཝ་ན་ Mr. Chanbhasavana མཆོག་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་མཇལ་དར་དང་ལེགས་སྐྱེས་ཕུལ་རྗེས། ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་ས་གནས་མི་མང་ལ་འཕྲད་བཞིན་པའི་ས་ཐོ་ལག་འཛིན་དང་ཟ་འབྲུའི་ལག་འཁྱེར། དེ་བཞིན་ཐུང་ཆུ་དང་གློག འཁོར་ལམ་བཅས་ཀྱི་དཀའ་ངལ་ཐད་རྫོང་དཔོན་མཆོག་ནས་རོགས་རམ་གང་ཐུབ་གནང་རྒྱུའི་ཞལ་བཞེས་ལེགས་ཐོབ་ཁག་ས་གནས་འགོ་འཛིན་མཆོག་ནས་མུ་མཐུད་མཇུག་སྐྱོང་གནང་རྒྱུ་གནང་།
ཕྱི་ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་གྱི་མཛད་སྒོར་མཉམ་ཞུགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་། ཕྱི་ཚེས་ ༡༩ ཉིན་ས་གནས་ཀྱི་ན་གཞོན་རྣམས་ཐུག་འཕྲད་དང་བཞུགས་མོལ་ཚོགས་འདུ་གནང་རྗེས་དགོན་པ་ཁག་ལ་གནས་གཟིགས་བཅས་གནང་བའི་བརྒྱུད་རིམ་ནང་མང་ཚོགས་ཀྱིས་ཐུགས་སྣང་ཅི་ཆེའི་མཉམ་ཞུགས་དང་ས་གནས་སོ་སོར་མཐུན་འགྱུར་སྣེ་ལེན་ཟབ་རྒྱས་གནང་འདུག་པར་འགོ་ལས་ཡོངས་ལ་སྤྱི་འཐུས་ལྷན་ཁང་དང་འབྲེལ་ཡོད་སྤྱི་འཐུས་ཟུང་ནས་ཐུགས་རྗེ་ཆེ་ཞུ་དང་སྦྲགས་བསྔགས་བརྗོད་ཞུ་རྒྱུ་བཅས།།