༢༠༡༣ ཟླ་ ༦ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༥ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་མཐོ་སློབ་འདྲ་མིན་གྱི་སློབ་མ་ཁག་གཅིག་གིས་དྲི་བར་ལན་འདེབས་གནང་ཡོད། སྐབས་དེར་ཚོགས་གཙོ་མཆོག་གིས་སློབ་མ་རྣམས་ལ་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་སྐོར་དང། བོད་རྒྱ་ཞི་མོལ། ༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར། བོད་མིའི་འགོ་ཁྲིད་རྣམས་ཀྱི་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སོགས་བོད་དོན་ངོ་སྤྲོད་ཞིབ་ཕྲ་གནང་ཡོད། སློབ་མ་དེ་དག་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པ་ (Foundation for Universal Responsibility of His Holiness The Dalai lama) ཞེས་པས་ལོ་ལྟར་སྒུ་རུ་ཀུལ་ (Gurukul Programme) ཞེས་ཤེས་ཡོན་ལས་འཆར་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། འདི་ལོའི་ལས་འཆར་དེར་མཉམ་ཞུགས་གནང་མཁན་རྒྱ་གར་མཐོ་སློབ་ཀྱི་སློབ་མ་སུམ་ཅུ་སོ་གཅིག་ཕེབས་ཡོད། སློབ་མ་རྣམས་བཞུགས་སྒར་དུ་ཟླ་བ་གཅིག་རིང་བོད་མིའི་ཆོས་དང་རིག་གཞུང། སྤྱི་ཚོགས་ཀྱི་གནས་སྟངས་སོགས་རྒྱུས་ལོན་ཆེད་དུ་བུ་རྣམས་གྲྭ་ཚང་ཁག་དང་བུ་མོ་རྣམས་བཙུན་དགོན་ནང་དུ་བཞུགས་ཡོད།
སྤྱིར་སྒུ་རུ་ཀུལ་ (Gurukul Programme) ལས་འཆར་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༩༤ ལོར་འགོ་བཙུགས་གནང་བ་དང། དེ་སྔ་ལས་འཆར་འདིའི་འོག་མཐོ་སློབ་ཀྱི་སློབ་མ་དྲུག་བདུན་ཙམ་ལས་མཉམ་ཞུགས་གནང་མཁན་མེད་ཀྱང། འདས་པའི་ལོ་དྲུག་གི་སྔོན་ཙམ་ནས་ལས་འཆར་དེར་མཉམ་ཞུགས་གནང་མཁན་མང་དུ་ཕྱིན་ནས་ལོ་ལྟར་སློབ་མ་བུ་བཅོ་ལྔ་དང་བུ་མོ་བཅོ་ལྔ་བདམས་ནས་རྡ་སར་རྟེན་གཞི་བྱས་པའི་ བོད་པའི་ཆོས་དང་རིག་གཞུང་། གོམས་གཤིས་སོགས་ཉམས་མྱོང་གསོག་རྒྱུ་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པ་ཤེས་རྟོགས་བྱ་རྒྱུ་ཡིན་འདུག ཐེངས་འདིར་སྒུ་རུ་ཀུལ་ལས་འཆར་ནང་མཐོ་སློབ་འདྲ་མིན་ ༢༠ ནས་སློབ་མ་གྲངས་ ༣༡ མཉམ་ཞུགས་གནང་ཡོད་ཁོངས་ནས་རྒྱ་གར་སློབ་མ་ ༢༤ དང་། བོད་ཕྲུག་གྲངས་ལྔ། ལ་དྭགས་ནས་གཅིག ཉི་ཧོང་ནས་བུ་མོ་གཅིག་ཡོད་འདུག་པ་བཅས།།