༢༠༡༣ ཟླ་ ༦ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༦ ཉིན་བཏང་ནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧།༢༠ ཐོག་བོད་མི་མང་སྤྱི་མཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དངོས་གྲུབ་རྒྱལ་མཚན་ལགས་དང་། ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནེ་རྒན་དགོ་ཚང་ལགས་བཅས་ནས་ཕེབས་བསུ་ཞུས། དེ་རྗེས་བོད་རིགས་གཞོན་སྐྱེས་གཉིས་ནས་བྲོ་གསོ་ཕྱེ་མར་འདེགས་འབུལ་ཞུས་རྗེས་ཕྱོགས་བཞུགས་སྤྱི་མཐུས་སྒྲོལ་དཀར་སྐྱབས་ལགས་དང་། བོད་རིགས་མཐུན་ཚོགས་པའི་རྒྱུན་ལས། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ། དེ་བཞིན་ས་གནས་བོད་རིགས་གང་ཙམ་ཞིག་གིས་ཕེབས་བསུའི་མཇལ་དར་ཕུལ་རྗེས་གསོལ་མགྲོན་ཁང་དུ་ཕེབས་ཡོད། ཕྱི་དྲོའི་ཆུ་ཚོད་ ༦།༠༠ ཐོག་ས་གནས་བོད་རིགས་མི་མང་ལ་གསུང་བཤད་གནང་བའི་ནང་དོན་གཙོ་བོ།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བརྒྱུད་འཛིན་ཐུབ་ཐབས་ཡོང་བར་ཐོག་མ་ཕ་མ་སོ་སོས་རང་ཁྱིམ་ནང་བོད་སྐད་ཁོ་ནའི་ཐོག་སྐད་ཆ་བཤོད་རྒྱུའི་གོམས་གཤིས་བཟོ་དགོས་པ་དང་། དེ་བཞིན་བོད་བརྒྱུད་ནང་པའི་ཆོས་ཚོགས་ཁག་གི་བླ་མ་དང་དགེ་བཤེས་རྣམས་ལ་འབོད་བསྐུལ་ཞུས་ཏེ་ནང་ཆོས་ངོ་སྤྲོད་སློབ་ཁྲིད་གནང་རྒྱུའི་ལས་རིམ་གོ་སྒྲིག་ངེས་པར་ཐུབ་པ་གནང་རྒྱུར་གལ་ཆེ་ཡིན་སྐོར། དེ་བཞིན་བོད་ཀྱི་བདེན་དོན་གསལ་ཐབས་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་བཞིན་པ་དེ་བཞིན་བོད་མི་མང་སྤྱི་མཐུས་ལྷན་ཚོགས་ནས་མི་མང་གི་མངོན་འདོད་ལྟར་གཏན་ལ་ཕབ་པའི་སྲིད་བྱུས་འཛིན་བཞིན་པ་དེར་མང་ཚོགས་ཀྱིས་དོ་སྣང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་དང་། ལས་དོན་ཐོག་རྒྱབ་སྐྱོར་གནང་དགོས་པ། ལྷག་པར་ལོ་རེའི་དང་བླངས་དཔྱ་དངུལ་འབུལ་འབབ་སོགས་སྤྱི་སྒྲིག་ཁག་གུས་བཀུར་ཐོག་ངེས་པར་དུ་འབུལ་དགོས་པ་མ་ཟད། བོད་མི་ནང་ཁུལ་འཆམ་མཐུན་དམ་གཟབ་གནང་དགོས་པ་སོགས་ཀྱི་གསུང་བཤད་གནང་། ཕྱོགས་མཚུངས་སྐབས་དེར་ཚོགས་གཙོ་མཆོག་གིས་བོད་ནང་གི་གནས་སྟངས་ངོ་སྤྲོད་དང། ༸གོང་ས་མཆོག་གིས་བོད་ཀྱི་དཀའ་ངལ་སེལ་ཐབས་ཆེད་སྐུ་ངལ་འཛེམས་མེད་མཛད་དང་མཛད་མུས་ཡིན་པ་སོགས་ཞིབ་ཕྲ་གསལ་བཤད་གནང།
དེ་ནས་ཕྱི་ཚེས་ ༡༥ ཉིན་ཚོུད་ ༤ ཐོག་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་ཆེད་ཕེབས་གནང་བ་མི་གྲངས་ ༢༢ ལ་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་གནང་བ་དང་། རྒྱབ་སྐྱོར་ཚོགས་པ་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ནང་གི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་པ་བཅས་ལ་བརྟེན་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཡང་གནང་ཡོད། དེ་བཞིན་ཕྱི་དྲོ་རྒྱ་རིགས་མཁས་དབང་ཁག་གཅིག་དང་ལྷན་མཇལ་འཕྲད་ཐོག་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་ཀྱིདཀའ་ངལ་སེལ་ཐབས་བྱེད་བཞིན་པ་དང་། ༸གོང་ས་མཆོག་ནས་སྐུ་དབང་རྩིས་སྤྲོད་མཛད་པའི་སྐོར་སོགས་ཞིབ་ཕྲ་འགྲེལ་བརྗོད་ཐོག་ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱི་ཚོགས་འདུ་གང་ལེགས་བྱུང་ཡོད།
ཕྱི་ཚེས་ ༡༦ ཉིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་ཚོགས་པའི་ཚོགས་མི་གྲངས་ ༦ དང་། ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ཐུག་འཕྲད་ཀྱིས་གོང་བཞིན་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་། ཆུ་ཚོད་ ༣།༢༠ ཐོག་ཏུམ་སྦ་ལུང་ལྡུམ་རའི་ནང་ GETHERING FOR TIBET ཞེས་བོད་དོན་འདུ་འཛོམས་གོ་སྒྲིག་གནང་བའི་ཐོག་བོད་ཀྱི་གནས་དོན་ཞིབ་འགྲེལ་གནང་བར་མང་ཚོགས་ནས་དོ་སྣང་ཆེན་པོ་གནང་བ་གང་ལེགས་བྱུང་ཡོད། ཕྱི་ཚེས་ ༡༧ ནས་ཕྱི་ཚེས་ ༢༠ བར་མེལ་བྷོན་དང་། ཀེན་སྦེ་ར་བཅས་སུ་ཕེབས་ཏེ་བོད་མིར་གསུང་བཤད་དང་། ཆབ་སྲིད་མི་སྣ་ཐུག་འཕྲད་གནང་རྒྱུ་ཡིན་འདུག