༢༠༡༣ ཟླ་ ༦ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེལ་བྷོན་ནང་རྟེན་གཞི་བྱས་པའི་(Quang Minh Temple) ཁུ་མིན་ཞེས་པའི་ཝི་ཏི་ནམ་གྱི་དགོན་པ་ཞིག་ནང་སྔ་དྲོ་དང་ཕྱི་དྲོ་བཅས་ཆོས་ཐུན་གཉིས་རིང་ཝི་ཏི་ནམ་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཆོས་ཞུ་བ་ ༥༠༠ བརྒལ་བར་ཤེས་རབ་སྙིང་པོ་དང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སྩལ་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ཆོས་ཐུན་གཉིས་ཀྱི་བར་མཚམས་ཏེ། ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ནས་ ༡ བར་མེལ་བྷོན་གྲོང་ཁྱེར་དུ་གནས་སྡོད་བོད་རིགས་གཙོ་བོར་གྱུར་བའི་སོག་པོ་དང་འབྲུག་པ་དེ་བཞིན་བལ་པོ་མི་རིགས་བཅས་ལ་ཟུར་དུ་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདི་གར་ཡོང་ནས་ཁྱེད་རང་ཚོ་དང་ཁྱུག་ཙམ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།
སྤྱིར་བཏང་ང་ཚོ་བོད་མིར་རིན་ཐང་བྲལ་བའི་གཤིས་ཀ་བཟང་པོ་ཞིག་ཡོད་པ་དེར་འཛམ་གླིང་ས་ཕྱོགས་ཁག་དང་། ཡང་སྒོས་རྒྱ་རིགས་ཁག་གཅིག་གིས་ཧ་ཅང་དགའ་མོས་བྱེད་ཀྱི་འདུག དེ་ལྟ་བུའི་གོམས་གཤིས་བཟང་པོ་དེ་རང་རྒྱུད་ལ་འཇགས་ཐབས་བྱེད་དགོས་པ་ལས་རིན་པ་སྤྲད་ནས་ཉོ་རྒྱུ་མེད། དཔེར་ན། ངོས་རང་ཧ་ཅང་ངེས་ཀྱི་འདུག (Chicago) ཆི་ཁ་གྷོར་པི་ཛི་ཀ་ཞེས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡོད། དེའི་ནང་སྤུན་མཆེད་བུད་མེད་གཅིག་བོད་པ་དེ་གར་གཞིས་ཆགས་ཀྱི་གྲ་སྒྲིག་བྱེད་མཁན་ཚོགས་པའི་ནང་གི་ཚོགས་མི་རེད་འདུག ཁོ་མོས་ངོས་ལ་ང་ཚོས་བོད་པ་དེ་གར་གཞིས་ཆགས་སུ་ལེན་རྒྱུར་རོགས་རམ་བྱས་པ་ཁོ་ན་མིན། བོད་པའི་གཤིས་ཀ་བཟང་པོ་དེ་ང་ཚོའི་སྤྱི་ཚོགས་ནང་འཇགས་ཐུབ་རོགས་བྱས་ནས་བསམས་པའི་རེ་བ་བརྒྱབ་སྟེ་དེ་གར་བླངས་ཏེ་ཆི་ཁ་གྷོའི་ཁུལ་དུ་གཞིས་ཆགས་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།
དེར་བརྟེན་ང་ཚོ་བོད་པར་མཐོང་དེ་ལྟ་བུ་ཞིག་བྱེད་ཀྱི་འདུག དེ་བཞིན་དྲང་པོ་དྲང་གཞག་དང་སེམས་པ་བཟང་པོའི་གོམས་གཤིས་ཡོད་པ་དེ་དག་ང་ཚོ་བོད་པའི་མི་རབས་རྒན་པ་ཚོས་གཞོན་པ་རྣམས་ལ་བརྒྱུད་སྤྲོད་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། དེ་ནི་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱས་པ་ཁོ་ནས་ཡོང་ཐུབ་ཐབས་མེད། ང་ཚོའི་ཁྱིམ་ཚང་ནང་སོ་སོའི་གོམས་གཤིས་བཟང་པོ་ཡོད་པ་དེ་ཕ་མ་ནས་ཕྲུ་གུར་འཇགས་ཐུབ་པ་བྱ་རྒྱུ་གལ་འགངས་ཆེན་པོ་རེད། རིམ་བཞིན་ང་ཚོའི་སློབ་ཚན་ནང་དུ་ནང་ཆོས་ཀྱི་གཞུང་ནས་གསུངས་ཡོད་པའི་སེམས་ཀྱི་འགྲོ་སྟངས་སྐོར་ལ་སློབ་སྦྱོང་སྤྲོད་ཐུབ་རྒྱུའི་ང་ཚོས་རེ་བ་བརྒྱབ་སྟེ་འབད་བརྩོན་བྱེད་བཞིན་ཡོད། དེ་ལྟར་བྱུང་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད་མ་གཏོགས་དེང་དུས་ཀྱི་ཤེས་ཡོན་ནང་དེ་དག་མེད། དེར་བརྟེན་དེ་དག་སོ་སོའི་ཁྱིམ་ཚང་ནང་བཟང་པོ་བཟང་པོ་ཡིན་པ་ངོ་ཤེས་པའི་ཐོག་ནས་བརྒྱུད་སྤྲོད་བྱས་ཏེ་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་གཟབ་གཟབ་མ་བྱས་ན་བར་སྐབས་བོད་པའི་གོམས་གཤིས་བཟང་པོ་དེ་ཕྲན་བུ་ཉམས་ཆག་འགྲོ་གི་ཡོད་པ་ལྟ་བུ་འདུག
འདས་པའི་ལོ་ལྔ་བཅུ་ང་གྲངས་དེའི་ནང་ཕར་ཕྱོགས་དེར་རྒྱ་མི་གུང་ཁྲན་གྱི་ལས་བྱེད་མཁྲེགས་པོ་དེ་དག་གིས་བོད་པར་མཐོང་ཆུང་བྱས་ཏེ་བོད་པ་ཞེས་བརྗོད་སྐབས་གང་ཡང་མི་ཤེས་མཁན་རྗེས་ལུས་རེད་ཅེས་བརྗོད་ཀྱི་ཡོད། འཛམ་གླིང་ཕྱི་ཕྱོགས་སུ་བོད་པ་ཞེས་བརྗོད་སྐབས། ཡ་རབས་དང་དྲང་པོ་དྲང་གཞག་སེམས་པོ་བཟང་པོ་ཡིན་པ་དེ་རིང་ཁ་སང་མཐོང་ཚུལ་ཞིག་ཆགས་ཀྱི་ཡོད། འོན་ཀྱང་ང་ཚོ་བོད་པའི་སྤུས་ཚད་ག་ལེར་ག་ལེར་ཕྲན་བུ་སྡུག་ཏུ་འགྲོ་རྒྱུ་དེ་འདྲ་ཡོང་གི་འདུག དེའི་ཐོག་ང་ཚོ་ཚང་མས་གཟབ་གཟབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་ཁ་སང་བོད་ཀྱི་འཐབ་རྩོད་བྱེད་སྐབས་ང་ཚོ་བོད་རང་བཙན་ཡིན་ཞེས་ཤོད་ཀྱི་ཡོད། དངོས་གནས་དྲང་གནས་རང་བཙན་ཆགས་རྒྱུ་ངོ་མ་དེ་དུས་རབས་བདུན་པ། བརྒྱད་པ། དགུ་པ། དེ་དུས་ཀྱི་ང་ཚོ་རང་བཙན་གྱི་ལོ་རྒྱུས་དེ་ང་ཚོས་ཡིན་ཞེས་ཨུ་ཚུགས་རྒྱག་དགོས་དོན་མེད།
རྒྱ་མིའི་ཡིག་ཆའི་ནང་དེ་དུས་བོད་རྒྱལ་ཁབ་ཐ་དད་ཡིན་པ་ཧ་ཅ་གསལ་པོ་བཀོད་ཡོད། སྐུ་མདུན་གོང་མའི་ཁ་ཐུག་དང་དེ་ཚོའི་གྲས་དེ་ཞེ་དྲག་ཁུངས་འཁྱོལ་རྒྱུ་མེད། གང་ལྟར་སིམ་ལའི་ཆིངས་ཡིག་ནང་ལ་བོད་ཕྱི་ནང་གཉིས་ཞེས་འཁོད་ཡོད། བོད་ཕྱི་ནང་གཉིས་ཞེས་བརྗོད་སྐབས། ཁྱེད་རང་ཚོ་རྒྱ་སྡེའི་ཁོངས་ཀྱི་ཁམས་པ་དེ་དག་རྒྱ་མིའི་འོག་ལ་སྡོད་རྒྱུ་རེད། རྒྱ་སྡེའི་ཁོངས་ཀྱི་ང་ཚོ་ཨ་མདོ་དེ་དག་རྒྱ་མིའི་ཁོངས་སུ་སྡོད་རྒྱུ་རེད། ཁྱེད་རང་ཚོ་མང་ཆེ་བ་ཁམས་པ་དེ་དག་རྒྱ་སྡེའི་ཁོངས་མ་རེད་དམ། མང་ཆེ་བ་རྒྱ་སྡེའི་ཁོངས་ཀྱི་ཁམས་པ་ཆགས་ཀྱི་ཡོད། བོད་སིལ་བུ་ཆགས་ནས་ཉམས་རྒུད་ཕྱིན་ཏེ་ཧ་ལམ་ཉག་ཕྲ་བ་ཆགས་ཟིན་པའི་ཁ་ཐུག་གི་ལོ་རྒྱུས་རེད། དེར་གཟི་བརྗིད་ངོམ་རྒྱུ་མེད།
ང་ཚོས་གཟི་བརྗིད་ངོ་ཐོག་ངོམ་རྒྱུ་དེ་དུས་རབས་བདུན་པ་དང་། བརྒྱད་པ། དགུ་པ། བོད་སིལ་བུ་མ་ཆགས་གོང་གི་ཆོས་རྒྱལ་ཚོའི་སྐབས་ལ་ཡོད་པའི་བོད་དེ་དངོས་གནས་དྲང་གནས་ནམ་རྒྱུན་ང་ཚོའི་ཡིག་ཆ་རྙིང་པའི་ནང་ལ་རྒྱ་ཧོར་བོད་ཅེས་བརྗོད་ཀྱི་ཡོད། ཤར་ཕྱོགས་རྒྱ་ནག་དང་ནུབ་ཕྱོགས་བོད། བྱང་ཕྱོགས་ཧོར་དེ་དག་རྒྱལ་ཁབ་འདྲ་མཉམ་སྟོབས་དང་ལྡན་པ་ཞིག་ཆགས་ཀྱི་ཡོད། ཅེས་བཀའ་སློབ་སྩལ་ཡོད། ལྷག་པར་མགོན་པོ་གང་ཉིད་མཆོག་གིས་སོག་པོ་དང་འབྲུག་པ་དེ་བཞིན་བལ་པོའི་མི་རིགས་བཅས་ལ་བཀའ་སློབ་སྩལ་དོན། ང་ཚོ་སངས་རྒྱས་པའི་ཆོས་བརྒྱུད་འཛིན་མཁན་གཅིག་མཚུངས་ཆགས་ཡོད། ནང་ཆོས་ལ་དད་པ་མེད་ཀྱང་རུང་དེང་དུས་ཀྱི་སྤྱི་ཚོགས་ནང་ཕན་ཐོགས་ཆེ་བའི་ནང་ཆོས་ཀྱི་ཚན་རིག་དང་ལྟ་གྲུབ་ལ་སློབ་སྦྱོང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་བཞིན་ངོས་རང་ཆུང་དུས་མཚན་ཞབས་བདུན་ཡོད་ཁོངས་ནས་དཔེ་ཆ་ཡག་ཤོས་དེ་སོག་པོ་རེད། སེར་བྱེས་ཀྱི་སོག་པོ་དགེ་བཤེས་རེད། དེར་བརྟེན་དེ་སྔ་སོག་ཡུལ་ནང་གང་ལྟར་བོད་ཀྱི་ནང་ཆོས་དར་ཏེ་སོག་པོས་དངོས་གནས་དྲང་གནས་ནང་པའི་བསྟན་པ་འཛིན་རྒྱུ་དེ་བོད་ཀྱི་ནང་པའི་ཆོས་བརྒྱུད་དེ་འཛིན་རྒྱུ་དང་། དེ་ཡང་སྨོན་ལམ་འདོན་རྒྱུ་ཙམ་མིན་པར་དངོས་གནས་བསླབ་པ་སློབ་གཉེར་བྱེད་ཀྱི་ཡོད། ངོས་རང་ཆུང་དུས་ལྷ་སར་ཡོད་སྐབས་ཕལ་ཆེར་སོག་པོའི་གྲྭ་རྒྱུན་ཉུང་ཤོས་ལ་བརྒྱ་ཕྲག་གཉིས་གསུམ་ཞིག་ཡོད། སོག་པོའི་གྲྭ་རྒྱུན་ནང་རྡབ་རྡོབ་བརྗོད་མཁན་དེ་འདྲ་རྩ་བ་ནས་མེད། ཨ་རོག་ཁམས་པ་དང་ཨ་མདོའི་ནང་རྡབ་རྡོབ་མང་པོ་ཡོད། སོག་པོའི་ནང་དཔེ་ཆ་ལྟ་མཁན་མ་གཏོགས་རྡབ་རྡོབ་འཁྲབ་མཁན་ཧ་ལམ་མཐོང་རྒྱུ་མེད།
སྔོན་མ་སྒོ་མང་མཁན་ཟུར་རྒན་འཇམ་དབྱངས་ཡེ་ཤེས་ལགས་ཨ་མདོ་བ་རེད། ཁོང་རང་ཧ་ཅང་དཔེ་ཆ་ཡག་པོ་ཡོད། འཇམ་དབྱངས་ཡེ་ཤེས་ལགས་ཀྱིས་རྟགས་གསལ་གཏོང་སྐབས་རྟགས་དང་གསལ་བ་འགོད་སྟངས་ཀྱི་རྣམ་འགྱུར་དེ་དག་ཧ་ཅང་མི་འདྲ་ཧ་ལས་པ་ཞིག་ཡོད། ཁོང་གིས་བོད་ཀྱི་མཁས་པ་ཡིན་ན་ཨ་མདོ་བ་ཡིན་པའི་ཁྱབ་ཅེས་བརྗོད་ཀྱི་ཡོད། ཕྲན་བུ་ཧང་ཟོམ་ཡོད། དེ་ལྟ་བུ་བྱས་ཏེ་སོག་པོའི་གྲྭ་རྒྱུན་ཡིན་ན། དཔེ་ཆ་བ་ཡིན་པའི་ཁྱབ་ཅེས་བརྗོད་ཐུབ་པ་རེད། ཁྱེད་རང་ཚོ་མི་རབས་གསར་པ་ཆགས་ཡོད། འོན་ཀྱང་ཁྱེད་རང་ཚོས་སོག་པོའི་ངོ་བོ་བརྗོད་དགོས་བྱུང་ན། ནང་ཆོས་ཆགས་ཡོད། སོག་རིགས་ནང་ལ་ཡི་ཤུ་ཆོས་བྱེད་མཁན་ཡོང་གི་རེད། ཁ་ཛཀ་གི་ས་མཚམས་ལ་ཡོད་པའི་གྲས་ལ་ཁ་ཆེ་ཡོད། དེ་བཞིན་ཆོས་ལ་དད་པ་མེད་མཁན་ཡང་ཡོང་གི་རེད། འོན་ཀྱང་སོག་པོའི་ངོ་བོ་བརྗོད་ན། བོད་ཀྱི་ནང་ཆོས་ཆགས་ཡོད། ནང་ཆོས་ལ་དད་པ་མེད་ན་ཡང་ནང་ཆོས་ཀྱི་ལྟ་གྲུབ་དང་ཚན་རིག་གིས་དེང་དུས་སྤྱི་ཚོགས་ནང་ཏན་ཏན་ཕན་ཐོགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་ཡོད།།