༢༠༡༣ ཟླ་ ༦ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །འདི་གར་སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། སུད་སི་རི་ཀོན་བོད་ཡིག་སློབ་གྲྭ་བཙུགས་ཏེ་ལོ་ངོ་སུམ་ཅུ་འཁོར་བའི་དུན་དྲན་སྲུང་བརྩི་ཞུས་ཡོད། སྤྱིར་དེང་གི་ཆར་སུད་སིའི་ནང་བོད་རིགས་མི་འབོར་ཆེ་ཙམ་ཡོད་པས། སུད་སི་ས་གནས་གྲོང་སྡེ་བཅོ་ལྔའི་ནང་བོད་ཡིག་སློབ་གྲྭ་ཁག་བཅོ་ལྔ་ཙམ་ཡོད་ཁོངས་ནས་རི་ཀོན་བོད་ཡིག་སློབ་གྲྭ་ནི་རྙིང་ཤོས་ཤིག་ཡིན། བོད་མི་རྣམས་རྒྱ་གར་དང་འབྲུག བལ་ཡུལ་སོགས་སུ་བཙན་བྱོལ་དུ་གྱར་དགོས་བྱུང་རྗེས། ལོ་གྲངས་ཁ་ཤས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་དབུ་ཁྲིད་རྣམ་པས་སུད་སིའི་དབུས་གཞུང་དང་། རྒྱ་གྲམ་དམར་པོའི་ཚོགས་པ་སོ་སོར་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་ཁག་གཅིག་སུད་སིར་གཞིས་ཆགས་སུ་ངོས་བཞེས་ཡོང་བའི་འབོད་སྐུལ་རིམ་ཞུས་ཀྱིས་འབྲས་བུར་ཕྱི་ལོ་ ༡༩༦༣ ནང་བོད་མི་གང་ཙམ་ཞིག་སུད་སིར་གཞིས་ཁོངས་སུ་འབྱོར་བའི་ལོ་ཤས་རྗེས་བོད་རིགས་ཤེས་ལྡན་པ་ཁག་གཅིག་གིས་དང་བླངས་ཐོག་སོ་སོའི་རྩ་ཆེན་ཆོས་དང། སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཆེད་འགན་འཁུར་རྐང་བཞེས་ཀྱིས་སློབ་གྲྭ་ ཞིག་འཛུགས་ཐུབ་པ་བྱུང་ན་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱི་ཐབས་ཤེས་བཟང་ཤོས་ཤིག་ཡིན་པ་ཤེས་རྟོགས་བྱུང་བར་བརྟེན། ཕྱི་ལོ་ ༡༩༨༣ ཟླ་ ༤ ཚེས་ ༡༥ ཉིན་བོད་ཕྲུག་བདུན་ལས་གྲུབ་པའི་སློབ་མར་བོད་ཡིག་སློབ་འཁྲིད་ཀྱི་རྟེན་འབྲེལ་ཐོག་དེ་རིང་བར་ལོ་ངོ་སུམ་ཅུ་འཁོར་གྱི་ཡོད་པས་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་ཡོད། སློབ་གྲྭའི་ནང་ད་ལྟའི་ཆར་སློབ་གཉེར་བ་ཉི་ཤུ་རྩ་དགུ་དང་བོད་ཡིག་སློབ་དགེ་བསམ་མདོ་བྱམས་པ་ལགས་ཀྱིས་རེས་གཟའ་ཉི་མ་འཆར་ཅན་ཆུ་ཚོད་རེར་སློབ་འཁྲིད་གནང་གི་ཡོད། སྤྱིར་བཏང་སུད་སི་རྒྱལ་ཡོངས་ནང་བོད་ཡིག་སློབ་མའི་གྲངས་འབོར་སུམ་བརྒྱ་ཙམ་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༤།༣༠ ཐོག་མཛད་སྒོ་དབུ་འཛུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་གདན་ཞུས་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། དེ་རྗེས་སྐུ་མགྲོན་སྤྱི་ཟུར་རྣམ་པ་དང་། སྐུ་ཚབ་དོན་གཅོད། རི་ཀོན་དགོན་པའི་དགེ་འདུན་པ། ས་གནས་གཞན་ཁག་གི་བོད་ཡིག་སློབ་གྲྭའི་འགན་འཛིན་རྣམ་པ་བཅས་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་མཇལ་དར་སྒྲོན་འབུལ་ཞུས་ཡོད། དེ་ནས་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞིས་བྱེས་བོད་མི་བརྒྱ་ཕྲག་གཅིག་ལྷག་གིས་བོད་ཀྱི་བསྟན་པ་དང་རྩ་དོན་ཆེད་རང་གི་གཅེས་པའི་ལུས་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་རྣམ་པའི་ཆེད་སྨོན་ལམ་དང་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་ཞུས། དེ་ནས་རི་ཀོན་བོད་ཡིག་སློབ་གྲྭའི་འགན་འཛིན་དགའ་ཞི་ཐུབ་བསྟན་ལགས་དང་། རི་ཀོན་ཚོགས་ཆུང་གི་འཐུས་མི་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་གཉིས་ཀྱིས་ཐོག་མའི་སློབ་གྲྭའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་དམིགས་ཡུལ་ངོ་སྤྲོད། སློབ་གྲྭ་ཐོག་མ་དབུ་འཛུགས་འགན་འཁུར་གནང་མཁན་བུད་དབང་ངག་དབང་བྱང་ཆུབ་ལགས་དང་རྟགས་པ་པ་སངས་དབང་འདུས་ལགས། ཚེ་འདས་དགའ་ཆོས་འཇམ་དཔལ་རབ་ཡང་ལགས་བཅས་ཀྱིས་འདས་པའི་ལོ་རབས་དེའི་རིང་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དང་། སྐད་ཡིག་འཛིན་སྐྱོང་སོགས་ལ་ཞབས་འདེགས་རྒྱུན་མཐུད་བསྒྲུབས་དང་སྒྲུབ་བཞིན་པར་བསྔགས་བརྗོད་དང་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་མཇལ་དར་ཕུལ། དེ་ནས་སུད་སི་རྒྱལ་ཡོངས་བོད་ཡིག་སློབ་གྲྭ་ཁག་བཅོ་ལྔའི་སློབ་མ་མཉམ་འཛོམས་ཀྱིས་བོད་ཀྱི་གཞས་སྣ་དང་། སྐད་ཡིག་གལ་ཆེ་ཡིན་པའི་གཏམ་བརྗོད་སོགས་འཁྲབ་སྟོན་ཞུས། དེ་ཉིན་སློབ་མའི་ཕ་མ་དང་། ཕྱི་ནང་གི་སྐུ་མགྲོན་སོགས་བསྡོམས་པའི་མི་གྲངས་སུམ་བརྒྱ་ལྷག་འཛོམས་གནང་ཡོད། དགོང་དྲོ་ཆུ་ཚོད་ ༢༢།༣༠ ཙམ་ལ་སྒོར་གཞས་འཁྲབ་ནས་དུས་དྲན་སྲུང་བརྩི་མཇུག་སྒྲིལ་གནང་ཡོད་པ་བཅས།།