༢༠༡༣ ཟླ་ ༦ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །འདི་གར་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༢ ཉིན་ནུབ་གྷེང་གྷལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨེམ་ཀེ་ན་ར་ཡན་ (Governor M.K. Narayan) མཆོག་རྡོར་གླིང་སྐྱབས་བཅོལ་བོད་མིའི་བསྟི་གནས་ཁང་ (Tibetan Refugee Self Help Centre ) ཞེས་པ་དེར་གཟིགས་སྐོར་དུ་ཕེབས་སྐབས་ས་གནས་བོད་མི་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། སྐབས་དེར་ས་གནས་འགོ་འཛིན་བསོད་ནམས་བཟང་མོ་ལགས་ནས་ཀྱང་བོད་ལུགས་ལྟར་དཀར་གཙང་མཇལ་དར་ཕུལ་ཏེ་མངའ་སྡེའི་སྲིད་སྐྱོང་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་སྲིད་སྐྱོང་མཆོག་གི་བསྟི་གནས་ཁང་དེར་འཚོགས་བཞིན་པའི་ཟབ་སྦྱོང་དེར་གཟིགས་ཞིབ་དང་སྦྲགས། ༸གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ཏེ། ཁོང་རང་ཉིད་༸གོང་ས་མཆོག་ལ་དད་གུས་ཧ་ཅང་ཆེན་པོ་ཞུ་མཁན་ཞིག་ཡིན་སྐོར་གསུང་ཡོད།
གཞན་ཡང་སྐབས་དེར་རྡོར་གླིང་ས་གནས་འགོ་འཛིན་གྱིས་ཁུལ་དེའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་སྐྱབས་བཅོལ་ལག་དེབ་ལོ་ལྔ་རེའི་མཚམས་སུ་ནར་འགྱངས་ཆོག་པའི་ཆོག་མཆན་ཐོབ་ཆེད་འབོད་སྐུལ་གྱི་ཞུ་ཡིག་དང། དེ་བཞིན་བོད་མི་རྣམས་ཕྱིར་བསྐྱོད་ལག་དེབ་(IC) ཐོག་འཕྲད་བཞིན་པའི་དཀའ་ངལ་རྣམས་ཞིབ་ཕྲ་གསལ་བཤད་ཞུས་ཡོད། ཕྱོགས་མཚུངས་མངའ་སྡེའི་སྲིད་སྐྱོང་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སྤྱི་དང་ལྷག་པར་བོད་ཀྱི་གནད་དོན་སེལ་ཆེད་བོད་རྒྱ་མི་རིགས་གཉིས་སྨན་གྱི་དབུ་མའི་ལམ་གྱི་ཐབས་ལམ་རྒྱུན་འཁྱོང་བྱེད་བཞིན་ཡོད་སྐོར་གསལ་བཤད་ཞུས་ཡོད།