༢༠༡༣ ཟླ་ ༦ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་ནང་རྒྱ་རིགས་ཁག་གཅིག་གིས་གོ་སྒྲིག་འོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་ཡང་སྐབས་དེར་ཚོགས་གཙོ་མཆོག་གིས་རྒྱ་བོད་དབར་འབྲེལ་ལམ་དམ་ཟབ་གཏོང་རྒྱུའི་ཐད་གསུང་བཤད་གནང་ཡོད། ཚོགས་གཙོ་མཆོག་ཕྱི་ཚེས་ ༡༦ ཉིན་ཨོ་སི་ཊོ་ལི་ཡར་བོད་དོན་འདུ་འཛོམས་ཀྱི་ལས་རིམ་ཐོག་མཉམ་ཞུགས་སླད་ཆེད་ཕེབས་གནང་ཡོད་པ་བཞིན། གོ་སྒྲིག་ཚོགས་ཆུང་གིས་ཕྱི་ཚེས་ ༡༥ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གི་གྲོང་སྡེ་(China Town) ཞེས་པར་གསོལ་མགྲོན་ཁང་ཞིག་ཏུ་ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གཙོས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་དང། ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས།
དེ་བཞིན་རྒྱ་རིག་ཤེས་ཡོན་ཅན་སུམ་ཅུ་ཙམ་འདུ་འཛོམས་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་ལ་ཕེབས་བསུའི་འཚམས་འདྲིའི་གསོལ་ཚིགས་བཤམས་པ་དང་ལྷན་བོད་དོན་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཐུང་ངུ་ཞིག་ཚོགས་ཡོད། སྐབས་དེར་རྒྱ་རིགས་ཚོགས་བཞུགས་པ་ཡོངས་ལ་ཚོགས་གཙོ་མཆོག་གིས་༸གོང་ས་མཆོག་གིས་གསོལ་རས་སྩལ་བའི་དབུ་མའི་ལམ་གྱི་བཞེངས་ཕྱོགས་དང། སྲིད་བྱུས་དེར་རྒྱ་རིགས་མང་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་སྐོར་ངོ་སྤྲོད་དང་འབྲེལ། ལྷག་པར་འདས་པའི་ལོ་ཤས་རིང་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་གཞོན་སྐྱེས་ཁག་གཅིག་གིས་རང་བཙན་རྩོད་དེ་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་དང་འགལ་ཟླ་ཕྱིན་ཡོད་ཀྱང། ཉེ་ཆར་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་བཅོ་ལྔ་པའི་ཚོགས་འདུའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་༸གོང་ས་མཆོག་ལ་དགོངས་སེལ་ཞུས་ཡོད་སྐོར་ཞིབ་ཁྲ་གསལ་སྟོན་གནང་སྟེ། རྒྱ་རིགས་མང་ཚོགས་ནས་མ་འོངས་པར་ཡང་དབུ་མའི་ལམ་གྱི་བཞེངས་ཕྱོགས་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག ཡུ་རོབ་ནང་རྒྱ་བོད་གཉིས་དབར་བོད་དོན་བགྲོ་གླེང་གི་ལས་རིམ་གང་མང་ཚོགས་ཏེ་བོད་རྒྱ་དབར་གྱི་འབྲེལ་ལམ་དམ་ཟབ་གཏོང་དགོས་པའི་ལམ་སྟོན་ཡང་གནང་འདུག་པ་བཅས།།