༢༠༡༣ ཟླ་ ༦ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༠ ཉིན་ཚོགས་དྲུང་ལས་ཁུངས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༥ ཚེས་ ༦ ནས་ཚེས་ ༢༥ བར་བོད་མི་མང་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས་དང་སྤྱི་འཐུས་སྒྲོལ་མ་ཚེ་རིང་གཉིས་ས་བགོས་ལྟར་རྒྱ་གར་ལྷོ་ཕྱོགས་ཀོ་ཀྲི་ཀ་ནལ་དང་། ཨུ་ཀྲི། ཀོ་ལེ་སྒལ་དོན་ལྡན་གླིང་བཅས་སུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་འདུག
དེ་ཡང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་རྒྱ་གར་སྦེང་ལོར་ནས་ཀོ་ཀྲེ་ཀ་ནལ་གྱི་སུད་ཚོང་བོད་མི་ཚོར་ས་གནས་ཀྱི་གནས་ཚུལ་འགྱུར་བ་ཁག་དུས་ཐོག་མཁྱེན་རྟོགས་གནང་མཁན་ཚོང་པ་ Mr. Roshan དང་ཐུག་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ནས་ཁོང་གི་ཕྱག་ལས་ལ་ངོས་བཞེས་ཀྱིས་ཐུགས་རྗེ་ཆེ་མཚོན་ཆེད་དཀར་གཙང་མཇལ་དར་ཕུལ་རྗེས་ཀོ་ཀྲེ་ཀ་ནལ་ས་གནས་ཀྱི་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོའི་དྲུང་ཡིག་ Mr. Farooq མཆོག་ཐུག་འཕྲད་ཀྱི་ཚོགས་གཙོ་མཆོག་ས་གནས་སུ་ཕེབས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་གནང་ཡོང་བའི་རེ་བསྐུལ་དང་ཁོང་ལའང་བོད་མི་ཚོར་དུས་རྟག་ཏུ་གཟིགས་སྐྱོང་གནང་དབར་ཐུགས་རྗེ་ཆེ་ཞུས་ཡོད། ཉིན་རྒྱབ་བོད་མིའི་སུད་ཚོང་ཁྲོམ་ས་ཁག་ལ་ཐུགས་ཞིབ་གནང་ཡོད།
ཕྱི་ཚེས་ ༡༢ སྔ་དྲོ་ས་གནས་ནང་བོད་མི་ཁྱིམ་ཚང་ ༣༠ ཡོད་པ་རྣམས་ལ་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། དམིགས་བསལ་ཚོགས་ཆེན་ཐེངས་ ༢ པའི་རྒྱབ་གཉེར་སྙན་ཐོ་ཕྱག་བསྟར་གནང་ཕྱོགས། སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༥ པར་གཞུང་འབྲེལ་གྲོས་ཆོད་ཁག་དང་། བཅའ་ཁྲིམས། ཁྲིམས་སྒྲིག་གཞན་ཁག་ལ་བསྐྱར་བཅོས་གནང་བ་སོགས་མང་ཚོགས་ལ་ངོ་སྤྲོད་གསལ་བཤད་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་བོད་ནང་གི་གནས་སྟངས་ཛ་དྲག་དང་། བོད་བསྟན་སྲིད་སླད་རང་སྲོག་བློས་བཏང་གིས་མི་གྲངས་ ༡༡༨ ཀྱིས་སྐུ་ལུས་མེ་སྲེག་གནང་བའི་རྒྱ་གཞུང་གིས་སྲིད་བྱུས་ངན་པ་ལག་བསྟར་བྱས་པའི་རྗེས་འབྲེལ་ཡིན་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས། དེ་བཞིན་རྒྱལ་སྤྱིའི་གནས་བབ་དང་། རྒྱ་ནག་དང་བོད་ནང་གི་གནས་སྟངས་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་བའི་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་རྗེས་ཚོགས་འདུ་མཇུག་བསྡོམས་ཞུས།
དེ་ནས་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་ཟུར་སྐུ་ཞབས་ Mohammad མཆོག་ནས་དགོངས་པ་ཆེ་བཞེས་ཀྱི་བོད་མི་ཚོར་ཡུལ་མི་ལྟར་ཁྲོམ་ས་གནང་བར་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་ལེགས་སྐྱེས་དང་མཇལ་དར་ཕུལ། ཉིན་རྒྱབ་ཚོུད་ ༣ ཐོག་ Kodaikarnal International སློབ་གྲྭའི་སློབ་སྤྱི་མཆོག་གི་གསོལ་ཇར་གདན་ཞུས་ལྟར་བསྐྱོད། ཕྱི་ཚེས་ ༡༣ ཉིན་སྔ་དྲོ་ཨུ་ཀྲིའི་ Nilgiri Collector Mrs. Archana Patnaik (IAS) མཆོག་དང་མཇལ་འཕྲད་ཀྱི་རྒྱ་གར་གཞུང་དང་མི་མང་བྱེ་བྲག་ཏུ་ཨུ་ཀྲིའི་འཛིན་སྐྱོང་ནས་ས་གནས་ཀྱི་བོད་མི་ཚོར་གཟིགས་རྟོགས་གནང་བར་བཀྲིན་རྗེས་དྲན་དང་བོད་ཀྱི་གནད་དོན་གྱི་ཞུ་བསྐུལ་ཡིག་ཆ་ཁག་ཕུལ་ནས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་འབོད་བསྐུལ་ཞུས། ཁོང་ནས་བོད་མི་ཚོ་ཨུ་ཀྲིའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པ་དང་ཁོང་ཚོ་གང་སྤྱིའི་ཐད་ཡག་པོ་ཡོད་པའི་བསྔགས་བརྗོད་གནང་ཡོད། དེ་རྗེས་ཚོུད་ ༡ ཐོག་ཨུ་ཀྲི་སུད་ཚོང་བ་ཚོར་ཁྲོམ་ས་རག་རྒྱུར་འབད་བརྩོན་དང་ཐབས་ཤེས་གནང་མཁན་ཁྲིམས་རྩོད་པ་སྐུ་བགྲེས་སྐུ་ཞབས་ B.J. Krishnan མཆོག་མཇལ་འཕྲད་ཀྱིས་བཀྲིན་མཚོན་ཆེད་ལེགས་སྐྱེས་དང་མཇལ་དར་ཕུལ། ཁོང་ནས་ལས་ཁུངས་རྗེས་ཕྱི་དྲོ་ཁྱིམ་དུ་གསོལ་ཇར་གདན་ཞུས་ལྟར་བསྐྱོད།
ཕྱི་ཚེས་ ༡༤ ཉིན་སྔ་དྲོ་ས་གནས་ཀྱི་མང་ཚོགས་ལ་གོང་མཚུངས་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་། དེ་ནས་བོད་མི་སུད་ཚོང་བ་ཚོའི་ས་ཆའི་བདག་དབང་ Breeks Aglo-Indian Senior Secondary School སློབ་སྤྱི་མཆོག་གི་དགོངས་པ་ཆེ་བཞེས་ཀྱིས་ས་གླ་ཕྲན་བུའི་ཐོག་གནང་ཡོད་སྟབས་ཁོང་ལ་ཐུགས་རྗེ་ལེགས་འབུལ་ཞུ་ཆེད་ངོ་སྤྲོད་ལག་འཁྱེར་དང་མཇལ་དར་བཅས་བཞག དེ་རྗེས་ཨུ་ཀྲིའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་འགོ་གཙོ་ Mr. S.Dorairaj མཆོག་མཇལ་འཕྲད་ཀྱི་ཨུ་ཀྲིའི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིམ་ནང་ཨུ་ཀྲིའི་བོད་མི་རྣམས་ལ་གཟིགས་མཐོང་ཆེན་པོས་རིག་གཞུང་འཁྲབ་སྟོན་སོགས་ནང་མཉམ་བཞུགས་དང་འཁྲབ་སྟོན་གྱི་གོ་སྐབས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུས། ཁོང་ནས་སུད་ཚོང་བོད་མི་རྣམས་ནི་ཨུ་ཀྲིའི་སྤྱི་ཚོགས་ཀྱི་ཆ་ཤས་ཞིག་དང་བོད་མི་རྣམས་ནི་དཀོན་མཆོག་ལ་དད་སེམས་དང་ཁྲིམས་ལ་གུས་བརྩི་ཞུ་མཁན་ཞིག་ཡིན་པའི་བསྔགས་བརྗོད་དང་བོད་མི་ཚོར་དཀའ་ངལ་ཡོད་རིགས་ལ་དཀའ་ངལ་སེལ་བའི་ཐབས་ལམ་སྩལ་རྒྱུ་ཡིན་པའི་ཞལ་བཞེས་གནང་། དེ་རྗེས་སུད་ཚོང་ལས་ཁུངས་ནང་ཕྱི་ལོ་ ༢༠༡༣ དབྱར་སྐྱིད་སྐབས་ Boat Pageant ཞེས་པ་གྲུ་གཟིངས་ཀྱི་བྱ་དགའ་ཐོབ་པའི་བརྙན་འཕྲིན་བལྟས།
ཕྱི་ཚེས་ ༡༥ ཉིན་དོན་གླིང་ནས་ཐོན་ཏེ་ཨུ་ཀྲིར་འབྱོར་སྐབས་ས་གནས་ཀྱི་གནད་ཡོད་མཛད་གཙོ་རྣམ་པའི་ལྷན་གསོལ་ཇ་བཞེས་ཏོག་ཞུས་སྐབས་ས་གནས་ཀྱི་བོད་སློབ་འཛིན་ཚོགས་སློབ་གྲྭ་ཟླ་ངོ་གཉིས་རིང་གུང་སེང་ཡིན་པ་ཤེས་རྟོགས་བྱུང་བའི་མུར་ས་གནས་ཀྱི་ལས་འཆར་ཁག་སྐོར་གོ་བསྡུར་ཞུས། ཕྱི་ཚེས་ ༡༦ ཉིན་ཨུ་ཀྲིར་ས་གནས་འགོ་འཛིན་དང་མཉམ་འབྲེལ་ཚོགས་གཙོ། ས་འཐུས་ཚོགས་གཙོ། རང་ཚོགས་ཚོགས་གཙོ་བཅས་ཀྱི་ལྷན་ Distt Chamrajanagar གནད་ཡོད་མི་སྣ་ D.C. Mrs. M.V. Savithri (IAS) མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་འཚམས་འདྲིའི་མཇལ་དར་དང་ངོ་བོ་མཚོན་པའི་ཕྱག་རྟགས་ཕུལ། ཁོང་ནས་ས་ཐོ་ལག་འཛིན་ཐད་འབྲེལ་ལམ་རིམ་པ་སྔ་རྗེས་ཞུས་དང་ཞུ་བཞིན་ལྟར་རིམ་པས་གསལ་ཁ་ཡོང་རྒྱུ་དང་། ཟ་འབྲུ་ལག་འཛིན་ཐད་འབྲེལ་ཡོད་མི་སྣ་བཀའ་བཀུག་གིས་ལམ་འཕྲད་ལས་དོན་བསྒྲུབ་དགོས་བཀོད་ཁྱབ་གནང་། དེ་རྗེས་ Zilla Panchayat, CEO Chamrajanagar Mr. M.R. Somashekarappa མཆོག་ལ་ཡང་གོང་མཚུངས་མཇལ་འཕྲད་ཀྱིས་དོན་གླིང་ས་གནས་ཀྱི་འཁོར་ལམ་དང་ཆུ་གློག་བཅས་ཀྱི་སྐོར་ཞིབ་ཕྲ་སྙན་སེང་དང་འབྲེལ་སྔར་གྱི་གཟིགས་སྐྱོང་ལ་རྗེས་དྲན་དང་། སླད་ཀྱང་ཁྱབ་ཁོངས་མི་མང་རྣམས་ལ་གཟིགས་པ་སྔར་བཞིན་ཡོང་བའི་འབོད་བསྐུལ་ཞུས། དེ་རྗེས་རྫོང་གི་ཟ་འབྲུའི་འགན་འཛིན་ཕྱག་རོགས་ Mr. M.R. Somashekarappa (KAS)མཆོག་ནས་གདན་ཞུས་ལྟར་ཕྱིན་ནས་ཀོ་ལེ་སྒལ་ས་གནས་འབྲེལ་ཆགས་དང་འབྲེལ་མོལ་གྱིས་ལས་དོན་གང་མགྱོགས་ཟིན་པའི་བསྐུལ་དེད་གནང་།
ཉིན་རྒྱབ་ཀོ་ལེ་སྒལ་ས་གནས་ཀྱི་ DSP Mr. Chanbhasavana མཇལ་འཕྲད་ཞུས། ཁོང་ནི་བོད་མིར་ཤིན་ཏུ་བཀྲིན་ཆེ་བའི་ཀར་ན་ཀྲ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Nijalingappa མཆོག་གི་ཚ་བོ་ཡིན་པ་དང་། རྒྱུན་ལྡན་བོད་མིར་ཐུགས་བརྩེ་བ་ཆེན་པོས་ལས་དོན་གང་ལའང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་མང་གི་ཚབ་ཞུས་ཏེ་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུས། ཁོང་ནས་བོད་མི་རྣམས་རྒྱུན་དུ་ཀུན་སྤྱོད་ཞི་དུལ་དང་ཡུལ་ཁྲིམས་ལ་བརྩི་བཀུར་གནང་མཁན་ལ་སོང་ཡུལ་ཁྲིམས་དང་འབྲེལ་བའི་དཀའ་རྙོག་བྱུང་མེད་པ་མ་ཟད། ས་གནས་འགོ་འཛིན་མཆོག་ཀྱང་ཧ་ཅང་ལས་དོན་སྣ་མང་ཐད་འབྲེལ་བ་དམ་གཟབ་ཡོད་སྐོར་བཀའ་གནང་བ་དང་ཆབས་ཅིག ཆེད་བསྟོད་ཆེན་པོས་མེ་ཏོག་གི་ལེགས་སྐྱེས་དང་སྲོལ་རྒྱུན་གྱི་ཁ་དཀྲིས་སོགས་གསོལ་བསྩལ་བཀྲིན་ཆེ་བ་བྱུང་། དེ་རྗེས་བོད་མིའི་གཞིས་ཆགས་སུ་ཐོན་ཏེ་ལས་ཁུངས་སུ་འབྱོར་མཚམས་ས་གནས་ཀྱི་དངོས་ཡོད་གནས་སྟངས་ཐད་གོ་བསྡུར་ཞུས།
ཕྱི་ཚེས་ ༡༧ སྔ་དྲོ་མཉམ་འབྲེལ་ཚོགས་ཁང་ཆེན་མོར་དཔལ་ལྡན་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ཐུན་མོང་ནས་ཐག་གཅོད་བྱུང་དོན་ལྟར་འདི་ལོ་ནས་བཟུང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་ཉི་མོར་ལོ་ལྟར་སྲུང་བརྩི་ཞུ་དགོས་པའི་བཀའ་ཁྱབ་ཕེབས་དོན་བཞིན་མང་ཚོགས་བསྡུ་འཛོམས་ཀྱིས་ཐོག་མར་ས་གནས་འགོ་འཛིན་ནས་ངོ་སྤྲོད་གསུང་བཤད་དང་། དེ་རྗེས་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་གཉིས་ནས་དུས་དྲན་སྲུང་བརྩི་ཇི་ལྟར་དགོས་མིན་དང་ས་གནས་ཀྱི་གནས་བབས་དང་བསྟུན་ལས་འགུལ་སྤེལ་ཆེད་ས་གནས་ཀྱི་ཆབ་སྲིད་མི་སྣ་རྣམས་ལ་འབྲེལ་བ་ཞུ་ཕྱོགས་སོགས་ཀྱི་ཐད་གསུང་བཤད་གནང་གྲུབ་མཚམས་ས་འཐུས་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་དགེ་འདུན་བཞི་གྲྭས་དབུ་མཛད་ཏེ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འུར་འདོན་ཉིན་གུང་བར་གནང་། ཉིན་རྒྱབ་སྡེ་ཁག་དང་པོའི་མི་མང་རྣམས་གྲོང་སྡེ་ D སྤྱི་ཁང་ནང་འདུ་འཛོམས་ཀྱིས་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད། དྭོགས་འདྲི་བདེ་སྡུག་ཁག་ལ་སྐབས་མཚམས་ལན་འདེབས་དང་ལམ་སྟོན་གང་ཡོང་ཞུས།
ཕྱི་ཚེས་ ༡༨ ཉིན་སྡེ་ཁག་གཉིས་པའི་མི་མང་རྣམས་གྲོང་སྡེ་ K སྤྱི་ཁང་དུ་འདུ་འཛོམས་ཀྱི་གསུང་བཤད་དང་ཉིན་རྒྱབ་སྡེ་ཁག་གསུམ་པའི་མི་མང་རྣམས་ལ་གྲོང་སྡེ་ S སྤྱི་ཁང་དུ་ཚང་འཛོམས་ཀྱིས་གོང་བཞིན་གསུང་བཤད་དང་། དྭོགས་འདྲི་ཁག་ལ་ལན་འདེབས་དང་། སྤྱི་སྨན་རེ་འདུན་བདེ་སྡུག་དབུས་ལ་ཞུ་དགོས་རིགས་ཐོ་བཀོད་ཞུས་ཤིང་ཚོགས་ཐེངས་ཚང་མའི་སྐབས་ས་གནས་འགོ་འཛིན་མཆོག་དང་། ས་འཐུས་ཚོགས་གཙོ། རང་ཚོགས་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་བཅས་ལྷན་བཞུགས་གནང་།
ཕྱི་ཚེས་ ༡༩ ཉིན་ཁྲིམས་ཞིབ་པ་སྐོུ་ཚེ་རིང་དོན་གྲུབ་མཆོག་ས་གནས་སུ་ཕེབས་བསུ་དང་། ནང་སྲིད་དྲུང་ཆེ་དབུ་བཞུགས་ཀྱི་ལྷོ་གཞིས་ཁག་གི་ས་གནས་འགོ་འཛིན་རྣམས་མངའ་སྡེའི་དྲུང་ཆེ་དང་པོ་(First Secretary) ལྷན་དཀའ་སེལ་ཚོགས་བཅར་དགོས་སྟབས་སྦེང་ལོར་དུ་ཕེབས་ཚབ་ཏུ་གཞིས་ལས་ཁང་གི་ལས་དྲུང་ལྷན་བཅར་གནང་། དེ་ཉིན་སྔ་དྲོ་མཉམ་འབྲེལ་ཚོགས་ཁང་ཆུང་བའི་ནང་ས་གནས་ཀྱི་ན་གཞོན་རྣམས་ཚང་འཛོམས་དགོས་རྒྱུའི་བརྡ་ལན་སྔོན་སོང་བཞིན་གྲོང་སྡེའི་བརྒྱ་དཔོན་ཚོས་འགན་རྐང་བཞེས་ཀྱི་ན་གཞོན་ཧ་ཅང་མང་པོས་མཉམ་བཞུགས་ཐོག་སྤྱི་འཐུས་གཉིས་ནས་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་སྙིང་བསྡུས་ཐོག་བོད་ནང་གི་ན་གཞོན་ཚོའི་བློས་བཏང་དང་རང་དབང་ལུང་པའི་ནང་འཚར་ལོངས་བྱེད་བཞིན་པའི་ན་གཞོན་ཚོའི་བོད་མི་རིགས་དང་སྤྱི་ཚོགས་ཀྱི་བསྐུར་བའི་འགན་ཁུར་ཁག་དང་། ངན་པ་ལངས་ཤོར་མི་འགྲོ་བ་གཙོ་འགན་ཐོག་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་མཆོག་གི་ཐུགས་རེ་དང་གདེང་འཇོག་ཐད་གཟེངས་སུ་ཐོན་པ་གནང་རྒྱུའི་འབད་བརྩོན་གནང་དགོས་སོགས་ལམ་སྟོན་གང་ཐུབ་ཞུས་རྗེས་དྭོགས་འདྲི་ཁག་ལ་ལན་འདེབས་ཞིབ་ནན་གནང་ཕྱི་དྲོ་ས་གནས་ཀྱི་གནད་ཡོད་ལས་ཀྱི་སྣེ་མོར་གཏོགས་པའི་ལྷན་བཞུགས་མོལ་ཚོགས་འདུ་དང་། མང་ཚོགས་ཀྱི་བསམ་འཆར་དང་རེ་འདུན་ཁག་ཟུར་དུ་ཞིབ་བཀོད་ཡོད།
ཕྱི་ཚེས་ ༢༠ སྔ་དྲོ་རྫོགས་ཆེན་དགོན་པ་དང་། དར་རྒྱས་དགོན་པ། ཟེ་ཕུག་དགོན་པ། སྟག་ཤམ་དགོན་པ། རྟ་རྣ་དགོན་པ། བག་ཡོད་དགོན་པ། གསང་སྔགས་དར་རྒྱས་གླིང་དགོན་པ། བཀའ་བརྒྱུད་དགོན་པ། རྒས་གསོ་ཁང་བཅས་སུ་བལྟ་སྐོར་གྱིས་གནས་སྟངས་རྒྱུས་ལོན་དང་དེ་ཉིན་ཚེས་བཅུ་འཁེལ་སྟབས་དགོན་པ་ཕལ་ཆེ་བར་མཆོད་མཇལ་ཞུས། ཉིན་རྒྱབ་གཞིས་མཉམ་ནང་བདེ་ལས་ཁུངས་དང་། ས་གནས་འཐུས་ཚོགས་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་། ས་གནས་ཡན་ལག་སྨན་རྩིས་ཁང། ས་གནས་འཕྲོད་བསྟེན་སྨན་ཁང་། མཉམ་འབྲེལ་ཚོང་ཁང་། མཉམ་འབྲེལ་འཕྲུལ་རྨོས་སྡེ་ཚན་བཅས་ལ་རྟོགས་ཞིབ་གནང་། ཕྱི་ཚེས་ ༢༢ ཕྱི་དྲོ་ཐོག་མེ་འཁོར་བརྒྱུད་ལྡི་ལིར་ཐོན་ཏེ་ཕྱི་ཚེས་ ༢༥ སྔ་དྲོ་ཐོག་རྡ་སར་ཕེབས་འབྱོར་བྱུང་བ་བཅས།།