༢༠༡༣ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས།
༄༅། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༨ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་ཐོག་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་དབུ་བཞུགས་ཐོག་ཁྲིམས་དྲུང་དང་། ཕྱི་དྲིལ་དྲུང་ཆེ། ས་གནས་ཁྲིམས་ཞིབ་པ་ལས་བྱེད། ཁྲིམས་རྩོད་པ། ཁྲིམས་ཐོག་སློབ་སྦྱོང་བྱེད་བཞིན་པའི་སློབ་གཉེར་བ་བཅས་ཁྱོན་མི་གྲངས་ ༤༡ ལྷན་འཛོམས་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་རྒན་ཆེན་ངག་དབང་འཕེལ་རྒྱལ་མཆོག་གིས་ལྷན་ཚོགས་དབུ་འབྱེད་ཀྱི་གསུང་བཤད་གནང་དོན།
ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༡༦ ཉིན་ཕྲན་རང་ཐོག་མ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོའི་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མི་ཡུལ་ཁྲིམས་སློབ་ཐོན་པའི་ཚོགས་པ་འདྲ་བྱུང་ན་དེས་བོད་མི་དང་ཡུལ་མི་ཉམ་ཐག་ལ་རོགས་ཕན་བྱེད་ཐུབ་ན་ཡག་པོ་མེད་འགྲོ་ཞེས་བཀའ་སློབ་རིན་པོ་ཆེ་ཕེབས་པ་སྙིང་དབུས་སུ་བཅངས་ཏེ། ཕྱི་ལོ་ ༢༠༡༠ ནས་བཟུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྒྱ་གར་དང་། ཕྱི་རྒྱལ་ཡུལ་གྲུ་གང་སར་རང་རིགས་བཙན་བྱོལ་སྤྱི་ཚོགས་ནང་ཡུལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ཀྱི་སློབ་སྦྱོང་ཐོན་ཟིན་པ་དང་སློབ་སྦྱོང་བྱེད་ཡིན་པ་བཅས་བརྒྱུད་ལམ་ཁག་ནས་ཞིབ་རྩད་ཐབས་འཚོལ་ཞུས་ཏེ། དེ་རིང་ལྷན་ཚོགས་འདི་དངོས་སུ་ཚུགས་ཐུབ་པར་དགའ་བོ་བྱུང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་། ཁྱབ་ཁོངས་ཤེས་ཡོན་བསྟི་གནས་ཁག དེ་བཞིན་སྒེར་སོ་སོས་འགྲོ་སོང་བཏང་སྟེ་རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་གོ་སྐབས་ཐོབ་པ་རང་རིགས་ན་གཞོན་གང་མང་ཡོད་པ་རྣམས་ཀྱི་ཆེད་ལས་ཀྱི་ནུས་སྟོབས་བོད་སྤྱི་བའི་རྩ་དོན་ཐོག་སྤུངས་རྒྱུའི་སྡིངས་ཆ་ཞིག་བསྐྲུན་ཐབས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ལྷན་ཚོགས་འདི་སྐོང་ཚོགས་ཀྱི་གྲ་སྒྲིག་ལས་རིམ་ཐོག་འགན་ཁུར་བླངས་པ་དང་།
ལྷན་ཚོགས་འདི་ལྟ་བུ་སྐོང་ཚོགས་བརྒྱུད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་རིགས་ཁྲིམས་ལུགས་རིག་པ་བ་རྣམས་ལ་ཆེ་མཐོང་གི་རྣམ་པ་སྟོན་ཐབས་དང་། ཡུལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཤེས་ཡོན་ཐོག་རིགས་གཅིག་རྐང་འཛིན་པ་གང་མང་སྐྱེད་སྲིང་ཡོང་ཐབས། བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམས་ཀྱིས་ཆེད་ལས་ཀྱི་ནུས་སྟོབས་རྣམས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ཀྱི་རྩ་དོན་ཐོག་ཞབས་འདེགས་སྒྲུབ་ཐབས་ཇི་ཡོད་བཅས་ལ་གོ་བསྡུར་བགྲོ་གླེང་ཞིབ་རྒྱས་གནང་སྟེ། ཚོགས་བཅར་བའི་རྣམ་དཔྱོད་ལྷན་ཚོགས་འདིའི་ཐོག་སྤུངས་ཐུབ་ན། གྲུབ་དོན་སྙན་ཐོ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཆགས་སོ་སོར་འབུལ་གཏོང་དང་། དེ་བཞིན་མཇུག་སྐྱོང་གི་བྱེད་སྒོ་ཁག་ཁུངས་སོ་སོར་ལག་བསྟར་ཆེད་འཇོག་འཆར་ཡིན་པས། ལྷན་ཚོགས་འདིར་འབྲས་བུ་གང་ལེགས་ཤིག་ཡོང་ཐུབ་པར་ང་ཚོས་རེ་སྨོན་བྱེད་ཀྱི་ཡོད ཐེངས་འདིའི་ལྷན་ཚོགས་སུ་རྒྱ་གར་ནང་བཙན་བྱོལ་བོད་མིའི་ས་གནས་ཁྲིམས་ཞིབ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད། དེ་བཞིན་རྒྱ་གར་གྱི་སྒེར་གཉེར་སྡེ་ཁག་གི་ཡུལ་ཁྲིམས་ལམ་སྟོན་པ་དང་ཁྲིམས་རྩོད་པ་བཅས་གྲངས་ ༢༩ དང་ཁྲིམས་ཀྱི་མཐོ་རིམ་སློབ་གྲྭ་ཁག་ནང་སློབ་མ་གྲངས་ ༢༧ བཅས་བསྡོམས་གྲངས་ ༥༦ བརྩད་གཅོད་བྱུང་ཁོངས་ནས་ཐེངས་འདིར་དངོས་སུ་ཚོགས་བཅར་གནང་མཁན་མི་གྲངས་ ༤༡ ཡོད། ལྷན་ཚོགས་གྲ་སྒྲིག་གི་བརྒྱུད་རིམ་ཁྲོད་ང་ཚོས་བོད་མིའི་ཁྲིམས་ལུགས་རིག་པ་བའི་གནས་སྟངས་རོབ་ཙམ་ཤེས་རྟོགས་བྱུང་བ་ཨ་རིའི་ནང་ཁྲིམས་ཀྱི་སློབ་ཐོན་པ་གྲངས་ ༢༢ ཁེ་ན་ཌར་ཁྲིམས་ཀྱི་སློབ་ཐོན་པ་ ༣ སུད་སི་ནང་ཁྲིམས་ཀྱི་སློབ་ཐོན་དང་སློབ་མ་བཅས་བསྡོམས་ ༡༠། དབྱིན་ལན་ནང་ཁྲིམས་ཀྱི་སློབ་ཐོན་པ་གྲངས་ ༤ ཕ་རན་སིར་ཁྲིམས་ཀྱི་སློབ་ཐོན་པ་གྲངས་ ༡། སི་པེན་ནང་ཁྲིམས་ཀྱི་སློབ་ཐོན་པ་གྲངས་ ༡། ཨོ་སི་ཀྲོ་ལི་ཡར་ཁྲིམས་ཀྱི་སློབ་ཐོན་པ་གྲངས་ ༡ བཅས་ཕྱི་རྒྱལ་ཡུལ་གྲུ་ ༧ གྱི་ནང་བོད་མིའི་ཁྲིམས་ལུགས་རིག་པ་དང་སློབ་མ་བཅས་བསྡོམས་གྲངས་ ༤༣ ཡོད། རྒྱ་གར་ནང་བོད་མིའི་ཁྲིམས་ལུགས་རིག་པ་དང་སློབ་མ་བཅས་གྲངས་ ༥༦ དང་། ཕྱི་རྒྱལ་ཡུལ་གྲུ་ ༨ ནང་གྲངས་ ༤༣ བཅས་ཁྱོན་བསྡོམས་ ༩༨ ཡོད། འགྲོ་སོང་དང་དུས་ཚོད་ཀྱི་ཆ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམས་ཐེངས་འདིའི་ལྷན་ཚོགས་ཐོག་མགྲོན་འབོད་ཞུ་ཐུབ་མེད་ཀྱང་། ལྷན་ཚོགས་ཀྱི་དགོས་དམིགས་དང་། གྲོས་གཞི། ལྷན་ཚོགས་ཀྱི་གྲོས་གཞིའི་ཐོག་དོ་བདག་སོ་སོ་ནས་སྤྱི་སྨན་བསམ་འཆར་ཇི་ཡོད་གནང་དགོས་འབོད་སྐུལ་ ༢༠༡༣ ཟླ་ ༤ ཚེས་ ༡༠ འཁོད་པའི་ཡིག་འབྲེལ་ཞུས་ཡོད་པ་མ་ཟད། ཚོགས་འདུའི་དུས་ཚོད་དང་སྟབས་འཁེལ་གྱི་རྒྱ་གར་ནང་ཕེབས་ཞོོར་ཡོད་ན་ལྷན་ཚོགས་སུ་ངོ་བཅར་ཡོང་བའི་རེ་སྐུལ་ཞུས་པར། ཨ་རི་ནིའུ་ཡོག་ཀོ་ལོམ་སྦི་ཡ་མཐོ་སློབ་ནས་བོད་རིགས་སློབ་མ་གཅིག་དང་། དབྱིན་ལན་ཁྲིམས་ལུགས་སློབ་གཉེར་བ་གཅིག་ཚོགས་བཅར་ཞུ་རྩིས་ཡོད་པའི་ཡིག་འབྲེལ་བྱུང་ཡང་། མཐར་གློ་བུར་ལས་འཆར་འགྱུར་བ་སོང་སྟེ་དངོས་སུ་ཡོང་ཐུབ་མེད།
ད་དུང་ཁྲིམས་ལུགས་རིག་པ་འགའ་ཤས་ནས་བསམ་ཚུལ་དང་། ལས་རིམ་འདི་ལ་བསྔགས་བརྗོད་ཀྱི་ཕྱག་བྲིས་ཕུལ་འབྱོར་བྱུང་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ན་གཞོན་རྣམས་ཤེས་ཡོན་གྱི་ཚན་པ་འདྲ་མིན་ནང་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཐོག་འབད་བརྩོན་བྱ་དགོས་པའི་རླབས་ཆེན་གྱི་བཀའ་སློབ་རིམ་པ་ཕེབས་ཡོད་པ་ཚང་མས་མཁྱེན་གསལ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དགོངས་དོན་བོད་མིའི་སྒྲིག་འཛུགས་འདི་བཞིན་ཀ་བ་གསུམ་ལྡན་གྱི་མང་གཙོའི་ལམ་ལུགས་འོག་འཛིན་སྐྱོང་གནང་བཞིན་ཡོད་པར། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པའི་ཁྲིམས་ཞིབ་པ་དང་། ཁྲིམས་དྲུང་། འབྲེལ་ཆགས་ལས་བྱེད་རྣམས་རིམ་བཞིན་ཁྲིམས་ལུགས་ཀྱི་ཤེས་ཡོན་ལྡན་པའི་མི་འགྲོ་ཤ་སྟག་ཡོང་རྒྱུ་ང་ཚོའི་མཐར་ཐུག་གི་དགོས་མཁོ་ཡིན་ལ་རེ་བའང་དེ་ཡིན། སྤྱིར་བཏང་མང་གཙོའི་ལམ་ལུགས་ཀྱི་ཀ་བ་ནི་ཁྲིམས་ཀྱིས་དབང་བསྒྱུར་ཡིན་ཞིང་། ཁྲིམས་ཀྱིས་དབང་བསྒྱུར་གྱི་གཞི་མ་ཁྲིམས་ལུགས་ཡིན་ལ། ཁྲིམས་ལུགས་ཀྱི་སྲོག་རྩ་ཁྲིམས་ལུགས་རིག་པ་བར་ཐུག་ཡོད་པས། ཁྲིམས་ལུགས་རིག་པ་བའི་རིགས་གཅིག་རྐང་འཛིན་ནི་ཆེད་ལས་གཞན་ལས་ཁྱད་དུ་འཕགས་མ་ཟད། མང་གཙོའི་ལམ་སྲོལ་ཉམས་ལེན་བྱེད་མཁན་གྱི་སྤྱི་ཚོགས་ལ་མཚོན་ན། ཁྲིམས་ལུགས་རིག་པ་བའི་ནུས་སྟོབས་ནི་དེ་བས་ཀྱང་རྩ་འགངས་ཆེན་པོ་ཡིན། ད་ལྟའི་བཙན་བྱོལ་གྱི་གནས་སྐབས་སུའང་། རང་རིགས་ཁྲིམས་ལུགས་རིག་པ་བའི་ཆེད་ལས་ཀྱི་ནུས་སྟོབས་ནི་བོད་དོན་བདེན་མཐའ་གསལ་བའི་ཐབས་ལམ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་གྱི་མཐུན་རྐྱེན་གལ་གནད་ཆེ་ཤོས་ཤིག་ཀྱང་ཡིན་སྟབས། རྒྱལ་སྤྱིའི་ཁྲིམས་དང་ལམ་ལུགས་ཐོག་རང་རིགས་ཁྲིམས་ལུགས་རིགས་པ་བ་གང་མང་སྐྱེད་སྲིང་ཡོང་ཐབས་བཅས་ཀྱི་སྐོར་གྲོས་གཞི་དོན་ཚན་གཉིས་ཅན་སྔོན་དུ་ཁུངས་སོ་སོར་ཕུལ་བ་ལྟར། ད་རེས་ལྷན་ཚོགས་འདི་ཐོག་གྲུབ་འབྲས་བཟང་པོ་ཞིག་ཐོན་ཐབས་སུ་དགོངས་འཆར་བཀའ་བསྡུར་ལྷུག་པོར་གནང་བའི་རེ་བ་ཡོད།
ལྷག་དོན་དུ་གྲོས་གཞི་དོན་ཚན་གཉིས་པ་བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམ་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ཀྱི་རྩ་དོན་ཐོག་ནུས་པ་ལྡན་པའི་ལས་དོན་སྤེལ་རྒྱུའི་སྡིངས་ཆ་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ཞིག་རིམ་བཞིན་འཛུགས་ཐུབ་པའི་སྐོར་ལ་ཚོགས་མི་ལྷན་རྒྱས་ཚང་མས་ཐུགས་ཁུར་ཅི་ཆེ་གནང་བའི་རེ་འདུན་ཞུ་རྒྱུ་དང་། ཚོགས་པ་དེ་བཞིན་མ་འོངས་པར་རྒྱལ་སྤྱིའི་བོད་མིའི་ཁྲིམས་ལུགས་རིགས་པ་བའི་ཚོགས་པ་ཚད་ལྡན་ཞིག་ཆགས་ཐུབ་པ་ཡིན་ན། བོད་ཀྱི་རྩ་དོན་ཐོག་ཕན་རླབས་ཆེན་པོ་ཡོང་བའི་རེ་བ་ཡོད་པ་ཞིག་རེད། ལྷན་ཚོགས་ཀྱི་ལས་རིམ་ཞིབ་ཕྲ་རྣམ་པ་སོ་སོར་ཕུལ་ཟིན་པ་ལྟར། ཉིན་གསུམ་རིང་གི་ཚོགས་འདུའི་ལས་རིམ་ནང་། ཉིན་དང་པོར་དབུ་འབྱེད་མཛད་སྒོའི་རྗེས་སུ་ཁྲིམས་ཞིབ་པ་རྣམ་པ་གཉིས་ནས་སོ་སོར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་དང་འཛིན་སྐྱོང་སྐོར་ངོ་སྤྲོད་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བྱུང་རིམ་དང་འགན་དབང་། ལས་དོན་བྱེད་ཕྱོགས་ངོ་སྤྲོད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ཉིན་རྒྱབ་གྲོས་གཞི་དང་པོའི་ཐོག་བགྲོ་གླེང་གནང་འཆར་བསྒྲིགས་ཡོད།
སང་ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་བཀའ་སློབ་ཞུ་རྒྱུར་སྙན་གསན་བཀའ་འཁྲོལ་ཐོབ་ཡོད་པ་དང་། ཉིན་རྒྱབ་ནས་གྲོས་གཞི་གཉིས་པའི་ཐོག་ཚོགས་ཆུང་ཁག་གསུམ་དུ་ཆ་བགོས་ཀྱིས། ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པའི་ཚོགས་ཐུན་དང་པོའི་བར་ཚོགས་ཆུང་སོ་སོའི་ནང་གོ་བསྡུར་གནང་སྟེ། ཚོགས་ཆུང་ཁག་གི་སྙན་ཐོ་ཕྱོགས་བསྡོམས་གྲུབ་མཚམས། ལྷན་ཚོགས་ཐོག་དོན་ཚན་རེ་རེ་བཞིན་གཏན་འབེབས་གནང་རྩིས་ཡིན། གཤམ་དུ་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་མཁས་མྱོང་ལྡན་པའི་ལམ་སྟོན་བཀའ་སློབ་གནང་རྒྱུ་ཡིན་པ་ཚང་མས་ཡག་པོ་གསན་རོགས་གནང་། ད་རེས་ཚོགས་བཅར་བ་རྣམ་པ་ས་ཐག་རིང་པོ་ནས་ཕེབས་དགོས་བྱུང་བ་དང་། འདིར་བཞུགས་གནས་དང་འགྲིམ་འགྲུལ་ཞལ་ལག་སོགས་ཀྱི་མཐུན་རྐྱེན་དང་། གནམ་གཤིས་སོགས་ཀྱི་རྐྱེན་པས་སྐུ་ངལ་ཅི་ཆེ་ཡོད་པར། འདི་ག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གྲ་སྒྲིག་འཐུས་ཚང་མ་བྱུང་བའི་རིགས་ལ་སྙིང་ཐག་པ་ནས་བཟོད་གསོལ་ཞུ་རྒྱུ་དང་། འདི་ནས་མཐུན་འགྱུར་ཇི་དགོས་སྤྱི་ཁྱབ་ཁྲིམས་དྲུང་དང་འབྲེལ་ཡོད་ལས་བྱེད་སོ་སོར་འབྲེལ་བ་གནང་རོགས་གནང་ཞུ་རྒྱུ་ཡིན། ཁྲིམས་ཞིབ་ཁང་གི་ལས་བྱེད་ཚོའི་དཔུང་རྟགས་ཀྱི་ལུང་ཐག་ཚོས་གཞི་དམར་པོ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མགྱོགས་ནས་མྱུར་དུ་གསལ་བ་དང་། བོད་མིའི་ཁྲིམས་ལུགས་རིག་པ་བའི་ལྷན་ཚོགས་འདི་བརྒྱུད་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གོམ་པ་དང་པོ་སྤོ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།