༢༠༡༣ ཟླ་ ༦ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༡ རེས་གཟའ་མིག་དམར་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལེན་ཌེའི་དུ་ནེ་དིན་ Dunedin གྲོང་ཁྱེར་ནང་དུ་ཆིབས་སྒྱུར་བསྐྱངས། དེ་ཡང་ཐོག་མར་༸གོང་ས་མཆོག་སེན་པོལ་ཡེ་ཤུའི་མཆོད་ཁང་ (St. Paul’s Cathedral) ནང་ཆིབས་སྒྱུར་བསྐྱངས་སྐབས། ས་གནས་ཡེ་ཤུའི་མཆོད་ཁང་གི་དབུ་ཁྲིད་སུམ་ཅུ་དང་དེ་བཞིན་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་འཐུས་མི་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་མགོན་པོ་གང་ཉིད་མཆོག་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཨོ་ཊ་གོ་གཙུག་ལག་སློབ་ཁང་གི་ཀོ་ལོཀ་ཊོ་ཝར་ཚོགས་ཁང་ནང་ (University of Otago Clocktower Building) ༸ཞབས་སོར་འཁོད་བསྟུན། གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ཧར་ལེན་ཧེ་ནེ་(Vice-Chancellor Prof Harlene Hayne) མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། ཁུལ་དེའི་མའོ་རི་ Maori ཞེས་པའི་གདོད་མའི་མི་རིགས་སྐུ་ཚབ་ཁག་གཅིག་གིས་རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་ལམ་ནས་ཕེབས་བསུ་ཞུས།
དེ་རྗེས་༸གོང་ས་མཆོག་གིས་ཚོགས་ཁང་དེའི་ཉེ་འགྲམ་ན་རྟེན་གཞི་བྱས་པའི་སེན་ཌེ་ཌི་ཝི་ཌི་ཚོགས་ཁང་ནང་ཆིབས་སྒྱུར་བསྐྱངས་ (University’s St David Lecture Theatre) ཏེ་༸ཞབས་སོར་འཁོད་མཚམས། གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ཧར་ལེན་ཧེ་ནེ་མཆོག་གིས་དགེ་ལས་སློབ་ཕྲུག་གྲངས་ ༥༥༠ བརྒལ་བར་༸གོང་ས་མཆོག་ངོ་སྤྲོད་གནང་བ་དང་སྦྲགས་གསུང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐེངས་འདིར་ནིའུ་ཛི་ལེན་ཌིའི་གཙུག་ལག་སློབ་ཁང་ནང་ཆིབས་སྒྱུར་བསྐྱངས་པ་ཐོག་མ་ཆགས་པ་མ་ཟད། དེ་རིང་ཆིབས་སྒྱུར་བསྐྱངས་ཡུལ་འདི་ཡང་ནིའུ་ཛི་ལེན་ཌིའི་རྒྱལ་ཡོངས་ནང་གཙུག་ལག་སློབ་གྲྭ་ཐོག་མ་དེ་ཡིན། ཞེས་ངོ་སྤྲོད་གྲུབ་མཚམས་དགེ་ལས་སློབ་ཕྲུག་ཁག་གཅིག་གི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་མཛད། དེ་ཡང་དྲི་བ་དང་པོ་དེ་ནང་པ་ཚོས་འཇིག་རྟེན་བཀོད་པ་པོའི་ལྟ་གྲུབ་ལ་གཟིགས་ཚུལ་ཇི་ཡིན་གྱི་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། གཅེར་བུ་པ་བཞིན་ནང་པ་ཚོས་ཀྱང་འཇིག་རྟེན་བཀོད་པ་པོ་མི་འདོད། ནང་པ་ཚོས་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་བྱུང་བ་དང་འཇིག་རྟེན་ལ་ཐོག་མ་མེད་པ་འདོད་ཀྱི་ཡོད། འཇིག་རྟེན་ཆགས་གནས་འཇིགས་གསུམ་རྒྱུན་མར་འཁོར་བཞིན་ཡོད། དེར་བརྟེན་ང་ཚོའི་སྐབས་སུ་བབ་པའི་གནད་དོན་གལ་ཆེ་ཤོས་ནི་དུས་རབས་འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་བཟོ་ཐབས་བྱ་རྒྱུ་དེ་ང་ཚོར་ཉིན་རེའི་འཚོ་བ་དང་དངོས་སུ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེ་ཞིག་ཆགས་ཡོད། ཅེས་བཀའ་ལན་སྩལ།
དེ་རྗེས་ང་ཚོ་གཉིད་ལོག་སྐབས་རྨི་ལམ་མྱོངས་མཁན་སུ་ཡིན་གྱི་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་མཛད་དོན། ནང་པ་སངས་རྒྱས་པས་རང་དབང་བའི་བདག་མི་བཞེས། འོན་ཀྱང་དེའི་གོ་དོན་ནི་ནང་པ་སངས་རྒྱས་པ་ཚོས་བདག་ཐ་སྙད་ཙམ་དུའང་ཁས་མི་ལེན་པའི་དོན་མིན། ནང་པ་སངས་རྒྱས་པས་ཕུང་པོ་ལྔ་པོ་ཚོགས་ཙམ་ལ་རྟེན་ནས་བཏགས་པའི་བདག་ཐ་སྙད་ཙམ་ཞིག་ཁས་ལེན། ད་ལྟ་ང་ཚོས་དབང་ཤེས་བེད་སྤྱོད་བྱེད་བཞིན་ཡོད། འོན་ཀྱང་ང་ཚོ་གཉིད་ཁུག་ནས་རྨི་ལམ་རྨིས་པའི་གནས་སྐབས་སྒོ་ལྔའི་དབང་ཤེས་ཀྱི་བྱ་བ་མི་བྱེད། དེར་བརྟེན་སྐབས་དེར་རྨིས་ལམ་མྱོངས་བའི་ཤེས་པའི་རྒྱུན་ཕྲ་མོ་ཞིག་ཡོད་པ་མཚོན་བཞིན་ཡོད། དཔེ་མཚོན་གཞན་ཞིག་ནི་ཕྱི་ལོ་ ༢༠༡༡ ལོར་ས་གནས་འདིར་དགེ་འདུན་པ་ཞིག་སྐུ་གྲོངས་ནས་ཉིན་གྲངས་བཅུ་བདུན་སོང་རྗེས་སུའང་ཁོང་གི་ལུས་ལ་དྲི་མ་དང་དཔག་མདོག་སོགས་ལ་ཉམས་རྒུད་གང་ཡང་མེད་པར་གནས་ཡོད། གནས་ཚུལ་དེ་དག་ལ་རྟེན་ནས་ཚན་རིག་པ་ཚོས་ཀླད་པར་མ་རྟེན་པའི་ཤེས་པ་ཕྲ་མོ་ཞིག་ཡོད་པའི་བསམ་ཚུལ་དེར་གཞི་ནས་དོ་སྣང་བྱེད་འགོ་འཛུགས་བཞིན་ཡོད། ཅེས་བཀའ་ལན་མཛད།
དེ་རྗེས་ཆོས་དང་ཚན་རིག་གི་འབྲེལ་བའི་སྐོར་གྱི་དྲི་བར་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༧༠ ཙམ་ནས་ཚན་རིག་པ་དང་ལྷན་འབྲེལ་བ་མཛད་ཚུལ་གྱི་རྒྱུད་རིམ་ངོ་སྤྲོད་མཛད་པ་དང་སྦྲགས། སེམས་དང་སྲོག ཅེས་པའི་ཚན་རིག་དང་ནང་ཆོས་ནས་གསུང་པའི་ཚན་རིག་བགྲོ་གླེང་བྱ་རྒྱུའི་ལས་གཞི་དང། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་པའི་དགོན་སྡེ་གྲྭ་ཚང་ཁག་གི་ནང་ཚན་རིག་སློབ་ཁྲིད་བྱ་རྒྱུའི་ལས་འཆར་དབུ་འཛུགས་མཛད་ཚུལ་སོགས་གསལ་བཤད་མཛད། དེ་རྗེས་ཉིན་དགུང་ལྗགས་སྨིན་གྲུབ་མཚམས་གྲོང་ཁྱེར་ཚོགས་ཁང་ཆེན་མོའི་ནང་དགེ་ལས་སློབ་ཕྲུག་གྲངས་ ༢༡༠༠ བརྒལ་བར་འཇིག་རྟེན་ཀུན་ལ་སྨན་པའི་བཟང་སྤྱོད་སྐོར་བཀའ་སློབ་སྩལ།།