༢༠༡༣ ཟླ་ ༥ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་པོ་ཌི་ལེན་ཌི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཨ་རིའི་ཝིསི་ཀོན་སིན་ (Wisconsin) མངའ་སྡེའི་རྒྱལ་ས་མེ་ཌི་སན་ (Madison) ནང་རྟེན་གཞི་བྱས་པའི་རི་དྭགས་ནགས་ཀྱི་སྐྱེད་མོ་ཚལ་ཞེས་པ་ནང་པའི་བསྟི་གནས་ཁང་ (Deer Park Buddhist Center) དུ་༸ཞབས་སོར་འཁོད་སྐབས་ཆོས་ཚོགས་དང་ཁུལ་དེར་གནས་སྡོད་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཝིསི་ཀོན་སིན་མངའ་སྡེའི་རྒྱལ་ས་མེ་ཌི་སན་ནང་༸ཞབས་སོར་བདེ་བར་འཁོད་དེ་ས་གནས་གཞུང་གི་གྲོས་ཚོགས་གོང་འོག་ལྷན་འཛོམས་ཐོག་དུས་ཡུན་སྐར་མ་ ༤༥ རིང་བཀའ་སློབ་སྩལ་ཡོད་པ་དང། དེ་བཞིན་ཝི་སི་ཀོན་སིན་མངའ་སྡེའི་གྲོས་ཚོགས་ཀྱིས་འཛམ་གླིང་གི་ནང་འཚེ་མེད་ཞི་བའི་ལམ་སྟོན་སྩལ་གནང་མཛད་པར་ཡི་རང་བསྔགས་བརྗོད་ཞུས་ཡོད། གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་ཝི་སི་ཀོན་སིན་གྱི་སྲིད་སྐྱོང་སི་ཀོ་ཊི་ཝལ་ཊར་ (Scott Walker) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་མ་ཟད། ས་གནས་ཀྱི་གྲོང་སྡེ་ལྷན་ཁང་གི་ཚོགས་མི་རྣམས་དང་ལྷན་ཡང་མཇལ་འཕྲད་གནང་ཡོད་འདུག
ཕྱི་ཚེས་ ༡༤ ཉིན་ཁུལ་དེའི་མི་མང་རྣམས་ལ་རྗེ་གཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་ཡང་དབུ་འཛུགས་བསྐྱངས་ཡོད་འདུག དེ་བཞིན་ཕྱི་ཚེས་ ༡༥ ཉིན་མེ་ནི་སོ་ཊ་ (Minnesota) དང། ཨི་ལི་ནོ་ཨི་སི། (Illinois) ཝིསི་ཀོན་སིན། (Wisconsin) བཅས་ཀྱི་ས་གནས་ཁག་ནས་ཕེབས་པའི་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ཚོར་དམིགས་བསལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག ཐེངས་འདིའི་༸གོང་ས་མཆོག་མེ་ཌི་སན་ཁུལ་དུ་ཆིབས་སྒྱུར་ཐེངས་དགུ་པ་དེ་ཆགས་ཡོད་པ་བཅས།།