༢༠༡༣ ཟླ་ ༥ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༡ རེས་གཟའ་མིག་དམར་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཀེན་ཊ་ཀིའི་ Kentucky མངའ་སྡེའི་གྲོང་ཁྱེར་ལུ་ཡི་སི་ཝིལ་ལེའི་ Louisvilleནང་ཉིན་མཐའ་མའི་མཛད་འཕྲིན་གྱི་ཐོག་མར། ཝི་ཏི་ནམ་ནང་པའི་དགེ་སློང་ཁག་གཅིག་ལ་བཀའ་སློབ་སྩལ་དོན། ཁྱེད་ཚོས་རང་གི་མདུན་ལ་སྟོན་པ་ཐུབ་པའི་དབང་པོའི་ཞལ་རས་བསྒོམ་ནས་གཡས་གཡོན་དུ་རྒྱ་གར་གྱི་ནང་པའི་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་གྲུབ་དང་ཐོགས་མེད། དེ་བཞིན་ཝི་ཏི་ནམ་ནང་དུ་ནང་ཆོས་ཐོག་མར་དར་སྤེལ་མཛད་མཁན་གྱི་སློབ་དཔོན་རྣམས་ཡིད་ལ་ཤར་བའི་ཐོག་ནས་ཝི་ཏི་ནམ་སྐད་ཐོག་ཤེས་རབ་སྙིང་པོ་འདོན་ཨང། དེ་ནས་སྟོན་པ་བཅོམ་ལྡན་འདས་རང་ཉིད་སྐལ་པ་གྲངས་མེད་གསུམ་གྱི་རིང་ཚོགས་བསགས་ནས་ཐར་མངོན་པར་རྫོགས་པ་སངས་རྒྱས་པ་བཞིན་རྗེས་འཇུག་འདུལ་བྱ་རྣམས་ལའང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་རྟེན་ནས་སངས་རྒྱས་ཀྱི་གོ་ཕངས་ཐོབ་ཐུབ་རྒྱུ་ཡིན་པའི་ལམ་སྟོན་ཡང་མཛད་ཡོད།
ཁྱེད་ཚོ་ནི་ང་ཚོ་བོད་པ་ལས་བསླབ་པ་རྒན་པ་ཆགས་ཡོད། དེང་སྐབས་འཛམ་གླིང་ནང་དངོས་པོ་ཡར་རྒྱས་ཧ་ཅང་ཚད་མཐོན་པོ་སོན་ཡོད། དངོས་པོ་ཡར་རྒྱས་ངེས་པར་དུ་དགོས། འོན་ཀྱང་དངོས་པོ་ཡར་རྒྱས་ཕྱིན་པ་དེས་སེམས་ནང་ཞི་བདེ་སྐྲུན་ཐུབ་པའི་ངེས་པ་གང་ཡང་མེད། དེའི་ཚབ་ཏུ་མིའི་འདོད་རྔམ་དང་འགྲན་སེམས་ཀྱི་བསམ་པ་ཤུགས་ཆེ་རུ་གཏོང་བཞིན་ཡོད། དེར་བརྟེན་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་ལ་སློབ་སྦྱོང་བྱས་པ་ཡིན་ན། དེས་སེམས་ནང་ཞི་བདེ་སྐྲུན་རྒྱུ་ཡིན། བཅོམ་ལྡན་འདས་ཀྱིས་གསུང་ལ་དཔྱད་པ་བྱེད་དགོས་པ་སྟོན་པ་རང་ཉིད་ཀྱིས་གསུངས་ཡོད། སྟོན་པའི་བཀའ་ལེགས་སྦྱར་གཞུང་ནང་ཡོད་པ་དེར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་རྒྱུའི་གཞི་རྟེན་ཡོད་པ་དང། སེམས་ཅན་ཐམས་ཅད་སངས་རྒྱས་རུང་ཡིན་པ་གསུངས་ཡོད། དེར་བརྟེན་ང་ཚོས་སེམས་ཅན་ཀུན་ལ་བརྩེ་བ་བྱེད་དགོས། སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་གསུང་སྐབས་ཡུལ་དུས་གནས་སྐབས་དང། དེ་བཞིན་འདུལ་བྱའི་ཁམས་དང་བསམ་པ་སོགས་གང་ལ་གང་འདུལ་གྱི་ཆོས་སྟོན་པར་མཛད་ཀྱི་ཡོད།
ཕྱོགས་མཚུངས་འཛམ་གླིང་ནང་ཆོས་ལུགས་འདྲ་མིན་མང་པོ་ཡོད་པ་དེ་དག་ཀྱང་གང་ཟག་སོ་སོའི་ཁམས་དང་བསམ་པ་མི་འདྲ་བ་ཡོད་པ་དེ་དག་དང་མཐུན་པའི་ཐོག་ནས་ཕན་ཐོགས་ཡོང་བཞིན་ཡོད། དེར་བརྟེན་ང་ཚོས་གུས་བརྩི་ཞུ་འོས་པ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ། དེ་བཞིན་༸གོང་ས་མཆོག་གིས་ཀེན་ཊ་ཀིའི་ཚོགས་ཁང་གཞན་ཞིག་ཏུ་སློབ་འབྲིང་དང་སློབ་ཆེན་གྱི་སློབ་མ་ཁག་གཅིག་ལ་མཇལ་ཁ་དང་བྱམས་བརྩེའི་སྐོར་བཀའ་སློབ་སྩལ། དེ་བཞིན་༸གོང་ས་མཆོག་གིས་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་གྷེ་རི་ཕི་ཤར་མཆོག་དང་ཁོང་གི་ལས་རོགས་རྣམས་དང་མཇལ་འཕྲད་ཀྱིས་བཀའ་སློབ་སྩལ་རྗེས་ཐེངས་འདིར་བྱང་ཨ་རིའི་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་པར་གྲུབ་སྟེ། ཡུ་རོབ་བརྒྱུད་རྒྱ་གར་དུ་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།