༢༠༡༣ ཟླ་ ༤ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨེན་དི་རི་གེ་ཏོ་ལིན་ André Gattolin མཆོག་དང། སྐུ་ཞབས་ནོ་ཡིལ་མ་མར་ Noel Mamère མཆོག དེ་བཞིན་སྐུ་ཞབས་ཇེན་པེ་ཊིཀ་གིལ་ལེ་ Jean Patrick Gille མཆོག་བཅས་ཀྱིས་རིང་མིན་ཕ་རན་སིའི་སྲིད་འཛིན་སྐུ་ཞབས་ཧོལ་ལན་ཌི་ Hollande མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ཕེབས་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་ལྷན་རྒྱ་ནག་ནང་དང་ལྷག་པར་བོད་དང་ཤིང་ཅང་ནང་འགྲོ་བ་མིའི་ཐོབ་ཐང་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་གླེང་གློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག་པ་མ་ཟད། ཐེངས་འདིར་ཕ་རན་སི་སྲིད་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཙམ་མ་ཟད། ལྷག་པར་དུ་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་དེ་བཞིན་ཤིང་ཅང་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་སེམས་ཚབ་ཆེན་པོ་ཡོད་པའི་རྣམ་པ་གསལ་བསྟོན་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
དེ་ཡང་གོང་བརྗོད་གྲོས་ཚོགས་འཐུས་མི་གསུམ་གྱིས་ཕ་རན་སིའི་རྒྱལ་ཡོངས་ལྷན་ཁང་ངམ་གྲོས་ཚོགས་འོག་མའི་ནང་གནད་དོན་དེའི་སྐོར་གསུང་དོན། ཕ་རན་སི་དང་རྒྱ་ནག་ཡུལ་གཉིས་དབར་ཚོང་འབྲེལ་དང་ཕྱོགས་གཉིས་ཀྱི་གཞུང་འབྲེལ་ལས་ཁུངས་དབར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གལ་ཆེ་ཡིན་པ་ནི་རྩོད་མེད་ཅིག་ཆགས་ཡོད་ཀྱང། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་འཛེམས་ཟོན་བྱེད་མི་དགོས་པར་གུ་ཡངས་དང་བསམ་ཤེས་ཐུབ་པའི་ཁོར་ཡུག་ཞིག་གི་འོག་ལས་དོན་སྤེལ་དགོས་ན། རྒྱ་ནག་ནང་གྲངས་ཉུང་མི་རིགས་ཚོའི་རིག་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་སྣང་མེད་དུ་འཇོག་ཐབས་མེད། ཅེས་གསུངས་པ་མ་ཟད།
གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ལས་རོགས་གནང་བཞིན་པ་སྐུ་ཞབས་ནོཡིལ་མ་མར་ Noel Mamère མཆོག་གིས་ཕ་རན་སིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ལའོ་རེན་ཊི་ཕེ་བྷྷི་ཡོ་སི་ Laurent Fabius མཆོག་ལ་དྲི་བ་ཞིག་བཏོན་པར་ཕྱི་སྲིད་བློན་ཆེན་མཆོག་གིས་ལན་འདེབས་གནང་དོན། བོད་ནང་དུ་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་པ་དེར་རྒྱལ་ཁབ་མང་པོས་སེམས་ཚབ་ཧ་ཅང་བྱེད་བཞིན་པ་ལྟར་ཕ་རན་སིའི་གཞུང་གིས་ཀྱང་གནད་དོན་དེར་བློ་ཚབ་ཧ་ཅང་ཡོད། སྲིད་འཛིན་མཆོག་གིས་རྒྱ་ནག་སྲིད་འཛིན་དང་ལྷན་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་རྒྱུ་མ་ཟད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད། དེ་བཞིན་རིག་གཞུང་སོགས་ལ་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་ཆེད་དོན་དམ་གྱི་ཐབས་ལམ་ཞིག་འཚོལ་དགོས་ན། རྒྱ་ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་བྱ་རྒྱུ་ཁོ་ན་ལས་མེད། ཅེས་ཕྱི་སྲིད་བློན་ཆེན་མཆོག་གིས་གསལ་བཤད་གནང་ཡོད་པ་བཅས།།