༢༠༡༣ ཟླ་ ༤ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༦ ཉིན་སུད་སི་ནང་གི་གཞུང་འབྲེལ་ལས་དོན་ཡོངས་སུ་ལེགས་གྲུབ་རྗེས་བྷེལ་ཇམ་ (Belgium) དང་ཕ་རན་སིར་ (France) ཕྱོགས་ཕེབས་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༤ ཉིན་སུད་སི་དང་ལེག་ཊིན་ཊན་ (Liechtenstein) སོགས་ནས་བོད་མི་ ༨༠༠༠ བརྒལ་བར་༸གོང་ས་མཆོག་གིས་བླང་དོར་བཀའ་སློབ་སྩོལ་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་ལྷན་བཅར་ཞུས་ཡོད་པ་མ་ཟད། བཀའ་སློབ་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ལ་གསུང་བཤད་གནང་དོན།
སུད་སི་གཞུང་མང་གཉིས་ཀྱིས་ཕྱི་ལོ་ ༡༩༦༠ ལོ་ནས་ཟུང་ད་བར་བོད་མི་སྐྱབས་བཅོལ་བ་ཚོར་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མི་ཚོས་ཀྱང་ས་གནས་ཡུལ་ཁྲིམས་ལ་བརྩི་བཀུར་དང་ལེན་ཞུ་རྒྱུ་དང། བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་རྒྱུན་འཛིན་ཐོག་ཞི་དུལ་བག་ཡོད་ཀྱི་འཚོ་བ་བསྐྱལ་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། སྲིད་བྱུས་དེ་ནི་རྡ་སར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་སྤྱི་མོས་ཐོག་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། ད་བར་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་རྒྱ་རིགས་ཁྲོད་མཁས་དབང། རྩོམ་པ་པོ་སོགས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད།
ཕྱི་ལོ་ ༡༩༧༤ ལོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག བོད་མི་མང་སྤྱི་འཐུས་ལྷན་ཚོགས། དེ་བཞིན་བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་གི་སྐུ་ཚབ་འཐུས་མི་བཅས་ཀྱིས་ཕན་ཚུན་གོ་བསྡུར་སྦྱངས་བཤད་སྔ་ཕྱི་རིམ་པ་མང་པོ་གནང་རྗེས་ཡང་དག་པའི་མང་གཙོའི་ལམ་ནས་གཏན་འབེབས་བྱུང་བའི་སྲིད་བྱུས་ཤིག་ཡིན། ང་ཚོ་བོད་མི་ཚོས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་ལ་ངེས་པར་དུ་བརྩི་སྲུང་དང་ལེན་ཞུ་དགོས། མགོན་པོ་གང་ཉིད་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་བའི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་གྲོས་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཆེད་ངལ་བ་དུ་མ་ཁྱད་དུ་བསད་དེ་སྐུ་ངལ་འཛེམས་མེད་ཐོག་མཛད་འཕྲིན་བླ་ན་མེད་པ་བསྐྱངས་དང་སྐྱོང་མུས་ཡིན། དེར་བརྟེན་གལ་ཏེ་ང་ཚོས་ཅི་གསུང་བཀའ་སྒྲུབ་ཞུ་མ་ཐུབ་ཚེ་འབྱུང་འགྱུར་མི་རབས་ཚོས་བློ་ཕམ་བསྐྱེད་གཞི་ཞིག་ཏུ་འགྱུར་ངེས་ཡིན་སྐོར་གྱི་གསུང་བཤད་གནང་ཡོད། གཞན་ཡང་སྲིད་སྐྱོང་མཆོག་གིས་བོད་ནང་དུ་ད་བར་བོད་མི་ ༡༡༤ རང་ལུས་མེར་སྲེག་བཏང་ཡོད་ཁོངས་ནས་ ༩༦ རྐྱེན་འདས་སུ་གྱུར་ཟིན་པར་བརྟེན་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཅན་དུ་གྱུར་ཡོད་པ་སོགས་ཀྱི་གསུང་བཤད་ཟབ་རྒྱས་གནང་ཡོད་པ་བཅས།།