༢༠༡༣ ཟླ་ ༤ ཚེས་ ༢ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢ ཉིན་བཏང་གནས་ནང་འཁོད་དོན། ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་བློ་བཟང་ཚེ་ཐར་ལགས་ཀྱིས། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༤ ནས་ ༡༩ བར་ཀ་སྦུག་དང་། རྡོར་གླིང་། ཁར་ཤང་། བསོ་ན་མདའ་བཅས་ཀྱི་གཞིས་ཆགས་ཁག་དང་། སློབ་གྲྭ ཁ་འཐོར་འདུས་སྡོད་ཁག་གི་སེར་སྐྱ་མང་ཚོགས་བཅས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གནད་དོན་གཙོ་བོ་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། སྐོར་བསྐྱོད་ཁྲིམས་ཞིབ་ཁང་། ས་གནས་ཁྲིམས་ཞིབ་ཁང་།
དེ་དག་གི་ཁྲིམས་ཁོངས་ཁྱབ་ཚད། གཞི་རྩའི་ཆ་རྐྱེན། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། ཞུ་སྦྱོར་དེབ་འགོད། ཞུ་རྩ་འབྲི་སྟངས། རྩོད་ལན་པའི་ཞུ་ལན་འབུལ་སྐབས་ཞུ་རྩའི་ནང་དོན་གནད་དོན་རེ་རེ་བཞིན་ལན་འདེབས་དགོས་པའི་སྐོར། དེ་བཞིན་ཞུ་སྦྱོར་བ་དང་རྩོད་ལན་པ་གཉིས་ཀའི་ངོས་ནས་ཟུར་སྣོན་ཡིག་ཆ་ (ཁ) ༡ དང་། (ཁ) ༢ ལ་མིང་རྟགས་འགོད་དགོས་པ། ཐོག་མའི་ཉན་ཞིབ། དཔང་རྟགས་འདོན་འབུལ། གནད་དོན་གཏན་འབེབས། ཁ་མཆུ་ཕྱིར་འཐེན། ཁ་མཆུ་ནང་འགྲིག་བཅས་ཀྱི་སྐོར་གཏམ་བཤད་ཐེངས་ ༧ གྱི་སྒོ་ནས་ཁྲིམས་ལུགས་གོ་རྟོགས་སྤེལ་བ་དང་འབྲེལ་དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་བཅས་གནང་བར་མི་མང་ཚང་མས་དོ་སྣང་ཧ་ཅང་ཆེན་པོའི་ཐོག་ཉན་ཞིབ་དང་། མ་འོངས་པར་དེ་ལྟ་བུའི་གོ་རྟོགས་གང་མང་སྤེལ་ཐུབ་པ་གནང་དགོས་པའི་ཞབས་སྐུལ་ཡང་གནང་མཁན་བྱུང་འདུག དེ་བཞིན་གོང་གསལ་ས་གནས་ཁག་གཅིག་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང་། སྤྱི་མང་གཏུག་བཤེར་གྱི་རྩ་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་དེབ་ཁག་རིན་མེད་ཐོག་འགྲེམས་སྤེལ་ཞུས་ཡོད་པ་བཅས། །