༢༠༡༣ ཟླ་ ༤ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡ ཉིན་བཀའ་ཤག་ཚོམས་ཆེན་དུ་ལས་བྱེད་བཀོད་སྒྲིག་སྒྲིག་གཞིའི་དགོངས་དོན་ལྟར། གསར་འདེམས་བྱུང་བའི་ལས་བྱེད་ཁག་གཅིག་ལ་བཀའ་ཤག་གིས་འཚམས་འདྲི་དང་རྒྱུས་སྟོན་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་འཚམས་འདྲི་དང་རྒྱུས་སྟོན་གསུང་བཤད་གནང་དོན།
ཐོག་མར་ངས་བཀའ་ཤག་གི་ཚབ་ཞུས་ཏེ་ཁྱེད་རྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་ད་ལྟའི་ཆར་ངས་བཀའ་དྲུང་གི་མིང་འཁྱེར་ཡོད། ངས་གཞུང་གི་ལས་བྱེད་བྱས་ཏེ་ལོ་ ༢༥ བརྒལ་འགྲོ་གི་ཡོད་ཁོངས་ནས་དྲུང་ཆེ་ལོ་ ༢༠ ལྷག་ཙམ་བྱས་པ་ཡིན། དེར་བརྟེན་གཞུང་གི་ལས་བྱེད་པ་ཚོས་ཕྱི་ནང་གསང་གསུམ་གྱི་གནས་སྟངས་དང་ཚོར་བ་ཉམས་མྱོང་རོབ་ཙམ་བརྗོད་རྒྱུ་ཡོད། གང་ལ་ཞེ་ན་སྤྱིར་བཏང་ལས་བྱེད་རྙིང་པ་དང་རྒན་པ་ཚོས་ལས་བྱེད་གསར་པ་ཚོར་སྔོན་མའི་བྱེད་སྟངས་ལྟ་བུའི་ཐོག་ནས་ལེགས་སྤེལ་ཉེན་འགོག་དེ་དག་བགོ་བཤའ་རྒྱག་རྒྱུ་གལ་ཆེན་པོ་ཡིན།
དེ་རིང་འདི་གར་ངས་སྤྱི་བསྡོམས་ཞུས་ན། སྤྱིའི་ཆ་རྐྱེན་ཡོངས་སུ་ཚང་སྟེ་ལས་བྱེད་དུ་ཞུགས་རྒྱུ་དེ་དག་རེད། དེ་ནས་ལས་ཁུངས་སོ་སོར་བཀོད་སྒྲིག་བྱེད་རྒྱུ་སྔོན་མ་དང་མི་འདྲ་བར་བཀའ་ཤག་གསར་པ་ཕེབས་ཏེ་ང་ཚོར་ལམ་སྟོན་སྲིད་བྱུས་མང་པོ་ཞིག་གཏན་འབེབས་གནང་ཡོད། སོ་སོའི་འདོད་མོས་ཡོད་སའི་ལས་དོན་ཐོག་གང་ཐུབ་བསྐོ་ཐབས་གནང་གི་ཡོད། དེ་དག་གཞི་བཞག་ཐོག་ལས་འགན་བཀོད་སྒྲིག་བྱས་པ་རེད། ཁྱེད་རང་ཚོས་འདོད་མོས་ལྟར་ལས་ཁུངས་སོ་སོར་གང་ཐུབ་བཀོད་སྒྲིག་ཞུས་ཡོད། འོན་ཀྱང་ལོ་གསུམ་མམ་ཡང་ན་བཞི་ནས་གནས་སྤོས་དང་ཕྱོགས་མཐའ་ཁག་ཏུ་འགྲོ་རྒྱུ་ཡིན་སྟབས། ཟབ་སྦྱོང་སྐབས་སོ་སོས་འགེངས་ཤོག་བཀང་བ་བཞིན་བཏང་མེད་ནའང་ལོ་གསུམ་པ་བཞི་པར་སླེབ་ཀྱི་རེད། ངས་རྟག་ཏུ་ཞུ་རྒྱུའི་དོན་གནད་འགའ་ཞིག་ཡོད། དང་པོ། ཀུན་སློང་ཧ་ཅང་གལ་ཆེན་པོ་རེད། སོ་སོའི་བཟང་རྟགས་ངན་རྟགས་དང་དཀའ་ལས་ཁག་མ་ཁག་དེ་ཀུན་སློང་ལ་ཧ་ཅང་རག་ལུས་ཡོད། དེ་ནི་ང་ཚོའི་རིག་གཞུང་ནང་ཡོད་པ་ཙམ་མ་ཟད།
དེང་སྐབས་ཚན་རིག་པ་དང་མིའི་བསམ་བློའི་འགྲོ་སྟངས་ཕལ་ཆེར་མཐུན་བཞིན་ཡོད། དཔེར་ན། ཁ་ཐུག་ལ་ཞུས་ན། རྣམ་པ་ཚོ་ལས་བྱེད་ནང་འཛུལ་བཞིན་པའི་སྐབས་འདིར་སོ་སོའི་འཚོ་བའི་ལས་དོན་གཅིག་པུར་བསམས་ནས་འཛུལ་བ་ལྟ་བུ་དང། ཡང་ན་ང་སློབ་སྦྱོང་ཐོན་སོང་ད་ཆ་ལས་ཀ་ཞིག་བྱས་ཏེ། འཚོ་བ་ཞིག་བསྐྱལ་དགོས་བསམ་པ་དེ་ཙམ་དྲན་ན། འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་ཆ་ནས་དེ་ལྟར་ཆགས་ཡོད། ང་ཚོས་ཀྱང་དེ་མཚུངས་བྱས་ནས་ལས་ཀ་བྱེད་ས་མང་བ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་རེད། ལས་ཀ་ཞིག་ཐོབ་པ་ཡིན་ན་སོ་སོའི་འཚོ་བ་བསྐྱལ་རྒྱུ་ཡོང་གི་རེད། དེ་ལྟ་བུའི་བསམ་པའི་ཀུན་སློང་འཁྱེར་བ་ཡིན་ན། རང་བཞིན་ཆ་ནས་འདི་ལྟར་ཡོང་ཆོག་པ་ཞིག་ཡིན་པར་བརྟེན། སྡུག་པ་དེ་འདྲ་གང་ཡང་མིན། འོན་ཀྱང་ག་ལེར་ག་ལེར་ཀུན་སློང་བཅོས་དགོས། འགྱུར་བ་ཆེ་ཆུང་ཇི་འདྲ་ཞིག་བཏང་ཡང་ཐོག་མར་བསམ་བློ་དང་ཀུན་སློང་གི་འདུན་པ་བཅོས་དགོས། དེ་རྗེས་བསམ་བློ་དེ་ཤུགས་ཆེ་རུ་བཏང་སྐབས། དངོས་སུ་བློ་དེ་ལྷན་སྐྱེས་ཀྱིས་དེའི་ཕྱོགས་སུ་འགྱུར་ཐུབ་པ་དེ་འདྲ་ཡོང་བཞིན་ཡོད། མདོར་ན། རང་དོན་སྒྲུབ་རྒྱུར་ཕྲན་བུའི་བསམ་བློ་ཉུང་ཙམ་གཏོང་དགོས། དེ་ལྟར་མ་བཏང་ཚེ་སྤྱི་པའི་དོན་དག་སྒྲུབ་ཅེས་པ་དེ་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཀྱི་རེད། དེར་བརྟེན་ང་ཚོས་སྤྱི་དོན་ཐོག་བསམ་བློ་ཤུགས་ཆེ་ཙམ་བཏང་ནས་འགན་ཁུར་ལེན་དགོས་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་གྲུབ་མཚམས་ལས་བྱེད་བཀོད་སྒྲིག་ཚོགས་ཆུང་གི་འགན་འཛིན་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་རང་གི་ལོ་མང་ལས་ཀའི་མྱོང་བ་དང་འབྲེལ་བའི་ཀུན་སློང་བཟང་པོས་ལས་དོན་བྱེད་ཕྱོགས་དང་ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་ངོ་སྤྲོད་གནང་རྗེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་དེ་མཚུངས་གསུང་བཤད་གནང་ཡོད།
ཐེངས་འདིའི་རྒྱུགས་སྤྲོད་ལམ་ནས་ལས་བྱེད་གསར་འདེམས་གྲངས་ ༣༨ བྱུང་ཡོད་པའི་ཁྲོད་ནས་ལས་བྱེད་གྲངས་ ༣ ས་གནས་འགོ་འཛིན་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་གནང་ཡོད་པ་ལས་དེ་མིན་དབུས་ལས་ཁུངས་ཁག་ཏུ་ལས་འགན་བཀོད་སྒྲིག་གནང་འདུག་པ་བཅས། །