༢༠༡༣ ཟླ་ ༤ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༠ དང་ ༢༡ བཅས་ཉིན་གྲངས་གཉིས་རིང་སུད་སི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་ཐོག་སུད་སིའི་བྷོལ་ཌེན་ (Boldern) ནང་བོད་རིགས་ཚོགས་པ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ལྷན་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕེབས་ཡོད།
དེ་ཡང་ཐོག་མར་ཕྱི་དྲིལ་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཀྱིས་ཆོད་སེམས་བརྟན་པོས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་བྱ་རྒྱུ་ཡིན། དབུ་མའི་ལམ་གྱི་སྲིད་བྱུས་དེ་བཞིན་ཕྱི་ལོ་ ༡༩༧༤ ལོ་ནས་དབུ་འཛུགས་གནང་བའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། བོད་མིའི་འགོ་ཁྲིད་རྣམ་པས་གོ་བསྡུར་གཏིང་ཟབ་གནང་མཐར་གཏན་འབེབས་བྱུང་བའི་སྲིད་བྱུས་ཤིག་ཆགས་ཡོད། ཅེས་དང། དེ་བཞིན་བཀའ་བློན་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོས་བོད་པའི་འཐབ་རྩོད་ནང་མཉམ་ཞུགས་ཀྱིས་འགན་ཁུར་ཆེ་ཙམ་ལེན་དགོས་པའི་ལམ་སྟོན་ཡང་གནང་འདུག
དེ་རྗེས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་དོན། རྒྱ་གར་གཞུང་མང་གཉིས་ནས་བོད་མི་ཚོར་མུ་མཐུད་ལོ་མང་རིང་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་དབར་འབྲེལ་བ་བཟང་པོ་ཡོད། ཅེས་གསུངས། ལྷག་པར་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་སེལ་ཆེད་རྒྱ་ནག་དང་ལྷན་འབྲེལ་མོལ་གནང་ཕྱོགས་སྐོར་གསུང་དོན། ང་ཚོས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་རྩི་བཞིན་ཡོད་པ་ལྟར། རང་ཕྱོགས་ནས་རྒྱ་ནག་དང་ལྷན་གནས་དུས་གང་འདྲ་ཞིག་ཏུ་ཡིན་ནའང་འབྲེལ་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད། ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ ༢༡ གིས་མཚན་རྟགས་བཀོད་པའི་ཞུ་སྙན་ཞིག་ཨ་རིའི་ཕྱི་སྲིད་དྲུང་ཆེར་ཕུལ་ཡོད། ཞུ་སྙན་དེའི་ནང་ཨ་རིའི་གཞུང་གིས་བོད་ཀྱི་གནད་དོན་སེལ་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ཉིན་ཕྱི་དྲོ་སུད་སི་དང་ལེཀ་ཊེན་ཊའི་བོད་རིགས་ཚོགས་པས་བོད་བསྟན་སྲིད་མི་རིགས་དང་རང་དབང་གི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་ཡོངས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་བའི་ཐོག་སྲིད་སྐྱོང་མཆོག་གིས་གཙོས་ཕྱི་དྲིལ་བཀའ་བློན་མཆོག་དང། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། ཆུང་བདག་ཀོ་རིན་ལགས་བཅས་མཉམ་ཞུགས་གནང་འདུག་པ་བཅས།།