༢༠༡༣ ཟླ་ ༤ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཉམས་ལེན་བྱེད་མཁན་ཞིག་གི་ངོས་ནས་གཞན་ལ་འཚེ་བ་བྱ་རྒྱུ་ལས་ལྡོག་སྟེ་འགྲོ་བ་གཞན་ལ་བྱམས་བརྩེ་དང་བཟོད་བསྲན་བྱ་རྒྱུ་ནི་ནང་པའི་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་སློབ་སྟོན་ཙམ་མ་ཟད། བཟང་སྤྱོད་ཀྱི་ལས་འགན་ཆེན་པོ་ཞིག་ཀྱང་ཆགས་ཡོད། ཅེས་ལམ་སྟོན་སྩལ་འདུག
གྲགས་ཅན་ཨ་པི་སི་གསར་ཁང་ནས་ཕྱི་ཚེས་༢༢ ཉིན་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་༸གོང་ས་མཆོག་ལ་འབར་མའི་ནང་འབྱུང་བཞིན་པའི་ཁ་ཆེ་དང་འབར་མའི་ནང་པ་དབར་གྱི་རྩོད་རྙོག་དང་འབྲེལ་བའི་ཛ་དྲག་གནས་ཚུལ་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། འབར་མའི་ནང་པ་ཁག་གཅིག་གིས་ཁུལ་དེའི་ནང་ཡོད་པའི་རོ་ཧི་ཞེས་པའི་གྲངས་ཉུང་མི་རིགས་ཁྲོད་དྲག་སྤྱོད་སྤེལ་ནས་མི་གྲངས་བརྒྱ་ལྷག་འདས་གྲོངས་སུ་གྱུར་བ་དང་། གཞན་མང་དག་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའི་གནས་ཚུལ་ཐོས་སྐབས་ངོས་རང་ཧ་ཅང་བློ་ཕམ་བྱུང་། ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་ཡིན་ཕྱིར་གཞན་ལ་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་ཉམས་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྤྱིར་ང་ཚོ་ཚང་མའི་ངོས་ནས་དུས་ནམ་བྱུང་ལ་གཞན་ལ་ཕན་སེམས་དང་བྱམས་བརྩེའི་བློ་བཅངས་ཏེ་ཕན་པ་བསྒྲུབ་དགོས་ཀྱི་ཡོད། འོན་ཀྱང་སྐབས་རེ་ཁོང་ཁྲོའི་དབང་གིས་གཞན་ལ་གནོད་འཚེ་བྱེད་སེམས་ཤུགས་ཆེ་སླེབས་སྐབས། རང་ཉིད་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་ཡིན་པའི་དྲན་གསོ་བྱེད་དགོས། ང་ཚོ་ནང་པ་ཙམ་མ་ཟད། ལྷག་པར་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས། འགྲོ་བ་མི་ཕན་ཚུན་དབར་ལ་དཀའ་ངལ་གང་འདྲ་འཕྲད་ཀྱང་དེ་དག་གྲོས་མོལ་ལམ་ལས་ལྡོག་སྟེ་འཚེ་བའི་སྒོ་ནས་སེལ་ཐབས་བྱས་ན། དཀའ་ངལ་སྔར་ལྷག་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ། དེར་བརྟེན་དཀའ་ངལ་གང་ཞིག་ཡིན་རུང་གྲོས་མོལ་ལམ་ནས་སེལ་ཐབས་བྱེད་དགོས། དེ་བཞིན་དཀའ་ངལ་དེ་དག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཨང་སང་སུ་ཀི་ལགས་ཀྱིས་བར་འདུམ་གནང་སྟེ་གང་མགྱོགས་སེལ་རྒྱུའི་རེ་བ་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་ལན་ཕེབས་འདུག་པ་བཅས། །