༢༠༡༣ ཟླ་ ༤ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༧ ནས་ ༢༡ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་མཛད་འཕྲིན་རྒྱ་ཆེ་བསྐྱང་འཆར་ཡོད་འདུག
དེ་ཡང་ཕྱི་ཚེས་ ༡༧ རེས་གཟའ་ལྷག་པའི་ཉིན་༸གོང་ས་མཆོག་ཌེ་རི་ལོན་ཌོན་ཌེ་རིར་ (Derry Londonderry)༸ཞབས་སོར་འཁོད་རྒྱུ་དང། ཕྱི་ཚེས་ ༡༨ ཉིན་བྱང་ཨར་ལེན་ཌིའི་གྲོང་ཁྱེར་ལོན་ཌོན་ཌེ་རིའི་ནང་རྟེན་གཞི་བྱས་པའི་འཁྲུག་རྩོད་ནང་ཚུད་པའི་བྱིས་པ། (Children in Crossfire) ཞེས་པའི་ཐེབས་རྩས་གོ་སྒྲིག་འོག་སེན་ཇོ་སེབ་འབྲིང་རིམ་སློབ་གྲྭའི་ཚོགས་ཁང་ (St. Joseph’s Secondary School) ནང་སེམས་ལ་སློབ་གསོ་བཏང་བ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག
གཞན་ཡང་དེ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡི་ཤུའི་བླ་ཆེན་སྐུ་ཞབས་གུ་ཌ (Bishop Good) མཆོག་དང་མར་ཊི་ན་ (Monsignor Martin) མཆོག དེ་བཞིན་འཁྲུག་རྩོད་ནང་ཚུད་པའི་བྱིས་པ་སྲུང་སྐྱོབ་ཐེབས་རྩའི་འགན་འཛིན་སྐུ་ཞབས་རི་ཆ་ཌི་མུར་མཆོག་བཅས་དང་ལྷན་ཞི་བདེའི་ཟམ་པ་ Peace Bridge ཞེས་པའི་སྟེང་། ཞི་བདེའི་གོམ་བགྲོད་ (Peace Walk) ཐོག་ལྷན་དུ་ཆིབས་སྒྱུར་བསྐྱངས་སྐབས། ཟམ་པའི་ཐོག་ཆོས་ལུགས་འདྲ་མིན་གྱི་ས་གནས་སློབ་ཕྲུག་གྲངས་ ༣༠༠ རུ་སྟར་སྒྲིག་སྟེ་དགའ་བསུ་ཞུ་རྒྱུ་ཡིན་འདུག
ཕྱོགས་མཚུངས་དེ་ཉིན་༸གོང་ས་མཆོག་གིས་ཨེབ་རིང་ཊོན་པ་ལ་ཛའི་ཚོགས་ཁང་དུ་ (Ebrington Plaza) བྱམས་བརྩེའི་སྐོར་མང་ཚོགས་ ༢༥༠༠ བརྒལ་བར་བཀའ་སློབ་སྩལ་རྗེས། ཀེམ་བྷི་རི་ཆི་ (Cambridge) གཙུག་ལག་སློབ་གྲྭར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༩ ཉིན་ཁུལ་དེར་མཁས་པའི་བགྲོ་གླེང་ནང་མཉམ་ཞུགས་མཛད་དེ་བསམ་བློར་སློབ་གསོ་ (Educating the Heart) གཏོང་ཕྱོགས་སྐོར་བཀའ་སློབ་སྩལ་རྒྱུ་དང། ཕྱི་ཚེས་ ༢༠ ཉིན་ཀེམ་བྷི་རི་ཆི་གཙུག་ལག་སློབ་ཁང་དུ་མཁས་པའི་བགྲོ་གླེང་ཞི་བའི་ཐབས་ལམ་ཐོག་ནས་རྩོད་རྙོག་འདུམ་འགྲིག་བྱེད་ཕྱོགས་ (Non-violence for conflict resolution) ཞེ་པའི་ཐོག་ལྷན་ཞུགས་མཛད་རྒྱུ་ཡིན་འདུག ཕྱོགས་མཚུངས་དེ་ཉིན་སན་ཇོན་གཙུག་ལག་སློབ་གྲྭར་གོ་ལའི་སྤྱི་ཚོགས་ནང་གི་ཞི་བདེའི་ལམ་བུ། ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་དུ་བཀའ་སློབ་སྩལ་རྒྱུ་དང། ཕྱི་ཚེས་ ༢༡ རེས་གཟའ་ཉི་མའི་ཉིན་རྒྱ་གར་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་པ་བཅས།།