༢༠༡༣ ཟླ་ ༤ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༩ རེས་གཟའ་མིག་དམར་ཉིན་གྱི་ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་ (Italy) ལྷོ་ཊི་རོལ་ (South Tyrol) ཁུལ་གྱི་བྷོལ་ཛ་ནོ་ (Bolzano) དང་ཏེ་རན་ཏོའི་ (Trento) གཉིས་ནང་མཛད་འཕྲིན་བསྐྱང་ཆེད་ཆིབས་སྒྱུར་གྱིས་བྷོལ་ཛ་ནོའི་གནམ་ཐང་དུ་ (Bolzano airport)༸ཞབས་སོར་འཁོད་སྐབས། ལྷོ་ཊི་རོལ་གྱི་སྲིད་འཛིན་སྐུ་ཞབས་ལུ་ཝི་སི་ཌུན་ཝལ་ཌར་ (President Luis Durnwalder) མཆོག་ཕེབས་བསུ་ཞུ་བར་བཅར་རྒྱུ་ཡིན་འདུག ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ལྷོ་ཊི་རོལ་གྱི་སྲིད་འཛིན་སྐུ་ཞབས་ལུ་ཝི་སི་ཌུན་ཝལ་ཌར་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཊི་རོལ་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟགས་ (South Tyrol Minority Award.)འབུལ་ལམ་ཞུ་རྒྱུ་ཡིན་པ་མ་ཟད། མཛད་སྒོའི་སྐབས་ལྷོ་ཊི་རོལ་གྱི་དབུས་དང་ས་གནས་གཞུང་འབྲེལ་མི་སྣ་ཡོངས་རྫོགས་འདུ་འཛོམས་ཀྱིས་གཟབ་རྒྱས་ངང་སྲུང་བརྩི་དང་འབྲེལ་མགོན་པོ་གང་ཉིད་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་བཞིན་འབུལ་ལམ་ཞུ་རྒྱུ་ཡིན་འདུག
དེ་ཡང་གཟེངས་རྟགས་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་རྒྱུའི་རྒྱུ་མཚན་གཙོ་བོ་ནི། མགོན་པོ་གང་ཉིད་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་འཚེ་བ་མེད་པའི་ཐབས་ལམ་ཉག་གཅིག་ལ་བརྟེན་ནས་བོད་མིའི་བདེན་པའི་འཐབ་རྩོད་མཛད་པ་དེར་ངོས་འཛིན་ཞུ་ཆེད་ཡིན་འདུག དེ་ཉིན་ཕྱེད་ཡོལ་༸གོང་ས་མཆོག་གིས་བྷོལ་ཛ་ནོ་རང་སྐྱོང་མངའ་ཁུལ་གྱི་ཚོགས་ཁང་ཞིག་ཏུ་ཆོས་ལུགས་ཀྱི་མཚམས་ལས་འདས་པ། (Beyond Religion) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང། བཀའ་སློབ་དེ་བཞིན་བརྙན་འཕྲིན་དང་དྲ་རྒྱ་ http://www.raibz.rai.it/de/index.php བཅས་ནང་ཐད་ཀར་རྒྱང་སྲིང་གནང་རྒྱུ་ཡིན་འདུག
དེ་བཞིན་ཕྱི་ཚེས་ ༡༡ སྔ་དྲོ་༸གོང་ས་མཆོག་ཁུལ་དེ་ནས་ཏེ་རན་ཏོ་རང་སྐྱོང་མངའ་ཁུལ་དུ་ཆིབས་ཞལ་བསྒྱུར་ཏེ་ས་གནས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་བཀའ་སློབ་སྩལ་རྒྱུ་མ་ཟད། ས་གནས་གཞུང་གིས་མགོན་པོ་གང་ཉིད་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་པར་འཚམས་འདྲི་ཞུ་ཆེད་ཉིན་གུང་གསོལ་སྟོན་ཞིག་ཀྱང་འདེགས་འབུལ་ཞུ་རྒྱུ་ཡིན་འདུག ཕྱོགས་མཚུངས་༸གོང་ས་མཆོག་གིས་ཨི་ཊ་ལི་བོད་རིགས་མཐུན་ཚོགས་ (Association Italia-Tibet) བཙུགས་ནས་མི་ལོ་ ༢༥ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་རྒྱུ་ཡིན་འདུག དེ་ནས་༸གོང་ས་མཆོག་གིས་ཁུལ་དེའི་རྩེད་ཐང་ཆེན་མོའི་ (Pala Trento) ནང་མང་ཚོགས་ལ་དཀའ་ངལ་གྱི་དུས་སྐབས་སུ་བདེ་སྐྱིད་འཚོལ་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གྲུབ་མཚམས།ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་ཁུལ་དེ་ནས་སུད་སིར་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག
སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཊི་རོལ་རང་སྐྱོང་ཁུལ་དུ་ཐོག་མར་ཕྱི་ལོ་ ༡༩༩༧ ལོར་ཆིབས་སྒྱུར་བསྐྱངས་པ་མ་ཟད། སླར་ཡང་མགོན་པོ་གང་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༢ ལོར་ཆིབས་སྒྱུར་བཀའ་དྲིན་ཆེ་བ་བསྐྱངས་ཡོད།
ད་ཐེངས་༸གོང་ས་མཆོག་ཨི་ཊ་ལིའི་རང་སྐྱོང་གི་མངའ་ཁུལ་ལྔ་ནས་བྷོལ་ཛ་ནོ་ (Bolzano) དང་ཏེ་རན་ཏོའི་ (Trento) གཉིས་ནང་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག་པ་བཅས། །