༢༠༡༣ ཟླ་ ༤ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༤ ཉིན་གྱི་དགོང་དྲོ་སུད་སིའི་བོད་རིགས་མི་དམངས་ནས་གོ་སྒྲིག་ཞུས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སིའི་གྲོང་ཁྱེར་ཕ་རའི་བུག་ (Fribourg Forum) གི་ཚོགས་ཁང་ཆེན་མོའི་ནང་བོད་རིགས་ཁྱོན་མི་གྲངས་ ༨༠༠༠ བརྒལ་བར་དབུ་མའི་ལམ་གྱི་དགོངས་དོན་དང་འཚེ་བ་མེད་པའི་ལྟ་གྲུབ་སྐོར་ལ་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་༸གོང་ས་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྐུ་མགྲོན་རྣམ་པ་བཞུགས་གྲལ་དུ་འཁོད་མཚམས་སུད་སིའི་བོད་རིགས་ཟློས་གར་ཚོགས་པས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་སུད་སིའི་བོད་རིགས་མི་དམངས་ཀྱི་ཚོགས་གཙོ་བློ་བཟང་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་ཡོད། དེ་ནས་མགོན་པོ་གང་ཉིད་མཆོག་གིས་དེར་འདུས་མི་དམངས་རྣམས་ལ་ལམ་སྟོན་བཀའ་སློབ་སྩལ་དོན། དེ་རིང་ངོས་རང་འདི་གར་ཡོང་བ་དང་སྟབས་བསྟུན་ཁྱེད་རང་ཚོ་དང་ཁྱུག་ཙམ་ཐུག་འཕྲད་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། རྒྱ་གར་གཞུང་ནས་མ་བྱེད་གསུང་བཞིན་དུ་ང་ཚོས་ཐག་གཅོད་བྱས་ནས་ཕྱི་ལོ་ ༡༩༥༩ ལོར་འཛམ་གླིང་རྒྱལ་ཚོགས་ལ་ཞུས་པ་རེད།
དེ་བཞིན་ཕྱི་ལོ་ ༡༩༦༥ ལོར་སླར་ཡང་རྒྱལ་ཚོགས་ལ་ཐེངས་གཅིག་ཞུས་པ་རེད། གང་ལྟར་གྲོས་ཆོད་སྔ་ཕྱི་གསུམ་ཡོད། འོན་ཀྱང་ནུས་པ་འཐོན་རྒྱུ་མེད་པ་ཉམས་མྱོང་ཐོག་ནས་གསལ་པོ་ཆགས་ཡོང་སྐབས་ཕྱི་ལོ་ ༡༩༧༠ འགོ་སྟོད་དེ་འདྲ་ནས་རྒྱ་ནག་གཞུང་ལ་མེས་འཚིགས་མེར་གཏུགས་ཐོག་ནས་ཐབས་ཤེས་བྱས་ན་མ་གཏོགས་ཐབས་ཤེས་མི་འདུག ཕྱི་ལོ་ ༡༩༧༤ ལོར་ཚོགས་གཙོ་དང་བཀའ་བློན་རྣམ་པ་བཅས་ང་ཚོ་གོ་བསྡུར་བྱས་ཏེ། སྔ་ཕྱི་མ་གཏོགས་རྒྱ་ནག་གཞུང་དང་ང་ཚོ་སྐད་ཆ་བྱེད་རྒྱུ་མ་གཏོགས་འགྲོ་ལམ་མི་འདུག དེར་བརྟེན་རང་བཙན་བཤད་ནས་སྐད་ཆ་ཤོད་རྒྱུ་ཡོང་གི་མ་རེད། རང་བཙན་བཤད་ན་གདོང་ཐུག་ཐོག་ལ་འགྲོ་རྒྱུ་རེད་འདུག་པས་ཡོང་ཐབས་མི་འདུག ང་ཚོ་ཆོལ་ཁ་གསུམ་ལ་ཐོབ་ཐང་གཅིག་གྱུར་ཡོད་པ་རང་སྐྱོང་མིང་དོན་མཚུངས་པ་ཞིག་བྱུང་ན། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོངས་ནས་ཁ་བྲལ་མི་དགོས་པ་དང་རྒྱ་ནག་གཞུང་ལ་ཡིན་རུང་ངོ་སོ་ཡོད་པ། ང་ཚོ་བོད་པ་ཚོར་ཡང་མིང་དོན་མཚུངས་པའི་རང་སྐྱོང་ཆོལ་ཁ་གསུམ་ལ་གཅིག་གྱུར་ཡོད་པ་ཞིག་བྱུང་ན། ང་ཚོར་ཡིན་རུང་བློ་བཞག་ས་ཡོད་པ་ཡག་པོ་ཞིག་མེད་དམ། ཞེས་ང་ཚོས་གོ་བསྡུར་བྱུང་སྟེ། ཕུགས་རྒྱང་རིང་པོའི་བསམ་བློ་བཏང་ནས་དེ་ཐག་གཅོད་བྱས་པ་རེད། སྐབས་དེར་ངོས་ཀྱིས་དབུ་མའི་ལམ་དང་རང་སྐྱོང་ཞེས་པའི་ཚིག་དེ་མ་བཤད་པར་ང་ཚོའི་ཁེ་ཕན་ཞེས་ཤོད་ཀྱི་ཡོད། རང་བཙན་བརྗོད་ན་མ་འགྲིག་པ་དང་རང་སྐྱོང་བརྗོད་ན། བོད་པའི་བློར་ལམ་སེང་མ་ཆུད་པ་བྱས་ཡོང་ངམ་བསམས་ཏེ། ང་ཚོའི་གནས་སྟངས་ཁག་པོ་དེའི་འོག་ང་ཚོའི་ཁེ་ཕན་ཆེ་ཤོས་བདེ་སྐྱིད་བསྒྲུབ་དགོས་རེད་ཅེས་བརྗོད་དེ་ཕྱི་ལོ་ ༡༩༧༨ ལོ་མཇུག་དེར་ཏིང་ཞའོ་ཕིང་གིས་ང་ཚོར་ཚུར་འབྲེལ་བ་བྱེད་རྒྱུའི་རྣམ་འགྱུར་ཞིག་ཐོན་ཡོད།
ཕྱི་ལོ་ ༡༩༧༩ ལོ་ནས་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱུང་སྟེ་བོད་ལ་ལྟ་སྐོར་གཏོང་རྒྱུ་དེ་དག་བྱུང་བ་རེད། གང་ལྟར་དེ་དག་ལོ་ནས་ལོ་བསྟུད་དེ་འབད་བརྩོན་འགྱུར་བ་མེད་པ་བྱས་ཏེ་མཐའ་མའི་ཐབས་ལམ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་གཏུག་ནས་སྐད་ཆ་བཤད་ན་ཡག་ཤོས་རེད་འདུག་ཅེས་ནས་ཕྱིན་པ་རེད། ང་ཚོའི་དབུ་མའི་ལམ་ཞེས་པ་དེ་འགོ་དེ་ལྟར་ཚུགས་པ་རེད་མ་གཏོགས་གློ་བུར་དུ་དབུ་མའི་ལམ་ཞེས་བརྗོད་པ་དེ་འདྲ་རྩ་བ་ནས་མ་རེད། དེ་ནས་བརྒྱད་ཅུའི་ལོ་འགོར་ཧུ་ཡའོ་པང་ཡོད་སྐབས་སུ་དངོས་གནས་རེ་བ་ཆེན་པོ་ཞིག་བྱུང་ཡོད། དེ་ནས་ཁོང་རང་ཚོ་ནང་ཁུལ་ལ་མང་གཙོའི་ལས་འགུལ་བྱུང་བས་རྐྱེན་གྱིས་ཧུ་ཡའོ་པང་གནས་དབྱུང་བཏང་ཡོད། དེ་རྗེས་རྒྱ་ནག་དབུས་གཞུང་གི་སྤྱི་ཡོངས་ཀྱི་སྲིད་བྱུས་མཁྲེགས་པོ་བྱས་པ་ལྟར། བོད་ལའང་དེ་བཞིན་བྱས་ཡོད། གང་ལྟར་དབུ་མའི་ལམ་ཞེས་པ་དེ་ཐོག་མར་འགོ་ཚུགས་སྟངས་ངོས་ཀྱི་སྐབས་སུ་བྱུང་བར་བརྟེན་ངོས་ཀྱིས་གསལ་བཤད་བྱེད་རྒྱུ་ནི་ངོས་ལ་ལས་འགན་ཡོད། ཅེས་བཀའ་སློབ་སྩལ་ཡོད།
ལྷག་པར་མགོན་པོ་གང་ཉིད་མཆོག་གིས་འཚེ་བ་མེད་པའི་ལྟ་གྲུབ་སྐོར་བཀའ་སློབ་སྩལ་དོན། ངོས་ཀྱི་ངོ་ཤེས་པ་མང་དག་ཅིག་གིས་བརྗོད་མྱོང། བོད་པ་འཚེ་བ་མེད་པའི་ལམ་དུ་འགྲོ་བཞིན་ཡོད་སྟབས་རྒྱབ་སྐྱོར་བྱེད་ཀྱི་ཡོད། གལ་ཏེ་བོད་པས་འཚེ་བའི་ལམ་དུ་ཕྱིན་ན་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་མ་རེད་ཅེས་བརྗོད་མཁན་དེ་འདྲ་ཡོང་གི་འདུག ང་ཚོས་འཚེ་བ་མེད་པའི་ལམ་དུ་འགྲོ་གི་ཡོད་པར་བརྟེན། ང་ཚོས་རང་བཙན་ཞེས་བརྗོད་ན་གདོང་ཐུག་སྒང་ལ་ཕྱིན་ཏེ་རྒྱ་དང་ཁ་གཏད་གཅོག་རྒྱུ་ཞིག་རེད། རྒྱ་དང་ཁ་གཏད་གཅོག་རྒྱུ་ཞིག་ཆགས་སྐབས་རང་བཞིན་གྱིས་འཚེ་བའི་རྣམ་པའི་ཐོག་ལ་འགྲོ་རྒྱུ་ཞིག་ཆགས་ཀྱི་རེད། གྲོགས་པོ་སྒྲིག་ནས་དོན་དག་སོན་རྒྱུ་ཞིག་བྱས་ན་འཚེ་བ་མེད་པའི་ཐོག་ལ་འགྲོ་གི་རེད། དགྲ་བཟོས་ནས་དོན་དག་བསྒྲུབ་རྒྱུ་དེ་འཚེ་བའི་ཐོག་ལ་འགྲོ་རྒྱུ་རེད། དེར་བརྟེན་དབུ་མའི་ལམ་ཐོག་ལ་ཕྱིན་ན། ང་ཚོའི་འཚེ་བ་མེད་པའི་ལྟ་གྲུབ་ནང་ཡོད་པ་མ་ཟད། དེའི་ར་བ་ལས་མ་འདས་པ་ཞིག་རེད། ང་ཚོས་རང་བཙན་ཞེས་རྒྱ་ལ་ཁ་གཏད་གཅོག་རྒྱུའི་སྐད་ཆ་བཤད་ན། མཐའ་མ་གདོང་ཐུག་དང་འཚེ་བའི་ཐོག་ལ་འགྲོ་རྒྱུ་རེད། དེ་ལྟ་བུའི་ཆ་ནས་ཡག་པོ་མི་འདུག
གཉིས་ནས་ངོས་ཀྱིས་འཛམ་གླིང་འདིའི་སྟེང་དུས་རབས་ཉེར་གཅིག་པ་འདིར་དཀའ་ངལ་གང་ཞིག་ཡིན་རུང་གྲོས་མོལ་ལམ་ནས་སེལ་ཐབས་བྱེད་དགོས། དུས་རབས་ཉི་ཤུ་པ་དེ་འཚེ་བའི་དུས་རབས་ཆགས་པ་རེད། དུས་རབས་ཉེར་གཅིག་པ་འདིར་དཀའ་ངལ་གང་ཞིག་ཡིན་རུང་གྲོས་མོལ་ལམ་ནས་སེལ་ཐབས་བྱེད་དགོས་ཞེས་ཤོད་བཞིན་ཡོད། མིར་དེ་ལྟར་ཤོད་མུས་ལ་སོ་སོས་གྲོས་མོལ་ལམ་ནས་དཀའ་ངལ་སེལ་ཐབས་མ་བྱས་པར་གདོང་ཐུག་སྒང་ལ་ཕྱིན་ན་འགྲིག་གི་མི་འདུག ཕྱི་ལོ་ ༡༩༥༤།༥༥ དེ་འདྲ་ནས་ང་ཚོས་རྟག་པར་ཤོད་བཞིན་ཡོད། བོད་རྒྱ་འོག་དང་རྒྱ་ཁོངས་མ་རེད། རྒྱ་ནག་ཅེས་པ་ནི་རྒྱ་མིའི་ལུང་པ་རེད། རྒྱ་མི་རིགས་དང་བོད་མི་རིགས། ཡུ་གུར་མི་རིགས། སོག་པོ་མི་རིགས་བྱས་ནས་ང་ཚོ་སྤུན་ཟླ་མི་རིགས་བརྗོད་རྒྱུ་དེ་མི་རིགས་གཅིག་གྱུར་ཆགས་ཡོད། མི་རིགས་དེ་དག་གོང་བུ་ཆགས་ཡོད་པ་དེ་སྤྱི་མཐུན་རྒྱལ་ཁབ་ཅེས་པ་ཆགས་ཡོད། ང་ཚོ་བོད་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་རེད་མ་གཏོགས་རྒྱ་འོག་མ་རེད། ཅེས་ཕུན་ཚོགས་དབང་རྒྱལ་གྱིས་རྟག་པར་བརྗོད་ཀྱི་ཡོད། དེ་དག་ང་ཚོས་ཤེས་དགོས་པ་ཞིག་རེད། ང་ཚོའི་སྤྱིར་བཏང་ཁ་ནས་རྒྱ་འོག་ཅེས་བརྗོད་ན། དངོས་གནས་རྒྱ་མི་རིགས་འོག་ལ་སྔ་མོ་མའོ་ཙེ་ཏུང་ཡོད་སྐབས། རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ས་གནས་མི་རིགས་རིང་ལུགས་ལ་ཡང་ངོ་རྒོལ་བྱེད་ཀྱི་ཡོད། མི་རིགས་ཚང་མ་འདྲ་མཉམ་ཡིན་ཞེས་བརྗོད་ཀྱི་ཡོད། དེར་དངོས་གནས་ཀྱི་རྒྱུ་མཚན་ཞིག་འདུག ཕྱིས་སུ་ཧུའུ་ཅིན་ཐའོ་སླེབས་པའི་སྐབས་དེ་འདྲ་ཞིག་ལ་རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་མི་འདུག ས་གནས་མི་རིགས་རིང་ལུགས་ལ་དྲག་གནོན་དང་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཞེས་བརྗོད་ཀྱི་འདུག་པས་དྲང་པོ་མ་རེད། རྩ་བའི་འགྲོ་སྟངས་བྱས་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ལ་རེད་མ་གཏོགས་རྒྱ་འོག་ཅེས་པའི་སྐད་ཆ་མེད། ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས། །