༢༠༡༣ ཟླ་ ༣་ཚེས་ ༡ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སུད་སི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༧ ཉིན་ (Austria) ཨོ་སི་ཊི་རི་ཡ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་ཐུག་འཕྲད་གནང་སྟེ་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་ཁྱོན་བོད་མི་ ༡༠༧ ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་བཏང་ཡོད་ཁོངས་ནས་བོད་མི་ ༩༠ འདས་གྲོངས་སུ་གྱུར་ཡོད་སྐོར་སོགས་གྲོས་ཚོགས་ལ་སྙན་སེང་ཞུས་པ་དང་སྦྲགས་གསུང་དོན། བོད་ནང་གི་བོད་མི་ཚོར་རང་ཉིད་ཀྱི་དཀའ་ངལ་ཤོད་རྒྱུ་མེད་པ་མ་ཟད། རྒྱ་ནག་གཞུང་ནས་བོད་མིའི་དངོས་ཡོད་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་བོད་མིར་དྲག་གནོན་བྱས་དང་བྱེད་མུས་རེད། དཔེར་ན། རང་ལུས་མེར་སྲེག་གཏོང་མཁན་རྣམ་པའི་འདྲ་པར་ཚུན་ཆད་ལག་ཐོགས་ཁ་པར་ནང་ནས་ཐོན་པ་ཡིན་རུང་། དེ་མ་ཐག་འཛིན་བཟུང་བྱེད་ཀྱི་ཡོད།
དེ་བཞིན་སྔ་ལོའི་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་དཀར་མཛེས་ཁུལ་ནས་ཡིན་པའི་རང་ལོ་ ༡༧ ལ་སོན་པ་བོད་པའི་བུ་མོ་འཇིགས་མེད་སྒྲོལ་མར་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་སྟེ་སྨན་ཁང་ནང་བསྐྱལ་དགོས་བཟོས་ཡོད་པ་མ་ཟད། དེ་རྗེས་ཁོང་མོར་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད། བོད་ནང་གི་བོད་མི་ཚོས་རང་སྲོག་ཚུན་ཆད་ཀྱང་བློས་གཏོང་གིས་ལས་འགུལ་སྤེལ་བཞིན་པ་དེ་ནི་རྒྱ་ནག་གཞུང་ནས་བོད་མིར་ཆབ་སྲིད་ཐོག་ནས་དྲག་གནོན་དང་། དཔལ་འབྱོར་དབྱེ་འབྱེད། བོད་ཀྱི་ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་ནས་བྱུང་བ་ཞིག་རེད། དེ་བརྟེན་ཨོ་སི་ཊི་རི་ཡའི་གྲོས་ཚོགས་ནས་བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་འདུག་པ་བཅས། །