༢༠༡༣ ཟླ་ ༣ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །སུད་སི་གྲོང་ཁྱེར་ཇི་ནི་ཝར་ (Geneva) ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༢ ཉིན་འཛམ་གླིང་ཡུ་གུར་མཐུན་ཚོགས་དང་རྒྱལ་ཁབ་ཀྱི་ངོས་འཛིན་མ་ཐོབ་པའི་མི་རིགས་མཐུན་ཚོགས། (Unrepresented Nations and Peoples Organization) དེ་བཞིན་འཇིག་ཉེན་མི་རིགས་སྲུང་སྐྱོབ་ཚོགས་པ་ (Society for Threatened Peoples) བཅས་ཀྱིས་གོ་སྒྲིག་འོག་ཨ་རིའི་མང་གཙོ་གཅེས་སྐྱོང་ཁང་ (National Endowment for Democracy) གིས་དཔལ་འབྱོར་མཐུན་འགྱུར་ཞུས་ཐོག་རྒྱ་ནག་འགོ་ཁྲིད་གསར་པའི་འོག་བོད་དང་ལྷོ་སོག (Southern Mongolia) དེ་བཞིན་ཤིང་ཅང་ (East Turkestan) ནང་རང་དབང་མང་གཙོ་དང། འགྲོ་བ་མིའི་ཐོབ་ཐང་ལ་འཕྲད་བཞིན་པའི་དཀའ་ངལ། ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་ཤིག་ཚོགས་ཡོད།
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དུས་རབས་ ༢༡ ནང་མང་གཙོ་ཅན་གྱི་རྒྱ་ནག ཅེས་པའི་བརྗོད་གཞིའི་ཐོག་རང་གི་ཉམས་མྱོང་སྒོ་ནས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་གསུང་བཤད་གནང་དོན། འབྱུང་འགྱུར་རྒྱ་ནག་ནང་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་དགོས་ན། ང་ཚོས་བཙན་བྱོལ་ནང་མང་གཙོའི་ལམ་ལུགས་ལ་སྦྱོང་བརྡར་བྱེད་དགོས། བོད་མི་དང་ལྷོ་སོག་རིགས། དེ་བཞིན་ཤིང་ཅང་མི་རིགས་བཅས་ཕན་ཚུན་ཉམས་མྱོང་བརྗེ་ལེན་བྱ་རྒྱུའི་གོ་སྐབས་འཚོལ་རྒྱུ་གལ་ཆེ་ཆགས་ཡོད། ང་ཚོ་བཙན་བྱོལ་བོད་མི་ཚོར་ཆ་བཞག་ན། རྒྱ་རིགས་ཚོགས་པ་ཚང་མར་འབྲེལ་བ་བཟོ་ཐབས་བྱས་པ་བརྒྱུད། བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་གོ་རྟོགས་སྤེལ་ཐབས་བྱས་པ་ཙམ་མ་ཟད། མང་གཙོ་དོན་གཉེར་ཅན་གྱི་རྒྱ་རིགས་ཚོགས་པ་འདྲ་མིན་ཡོད་པའི་ཁྲོད་ཆིག་སྒྲིལ་དགོས་རྒྱུ་གལ་ཆེ་ཡིན་སྐོར་གསལ་བཤད་བྱས་དང་བྱེད་མུས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
ལྷག་པར་ཚོགས་གཙོ་མཆོག་གིས་རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་པ་དེས་བོད་མིའི་འཐབ་རྩོད་རྒྱུན་གནས་ཐུབ་པ་ཞིག་ཆགས་ཡོད། ཅེས་གསུངས། གཞན་ཡང་སྐབས་དེར་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་དང། རྒྱ་རིགས་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས། དེ་བཞིན་སྤྱི་ཟུར་མཁས་གྲུབ་དོན་གྲུབ་ལགས་བཅས་ནས་ཀྱང་གསུང་བཤད་གནང་ཡོད་པ་བཅས།།