༢༠༡༣ ཟླ་ ༣ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༥ ཉིན་གངས་སྐྱིད་སིལ་པོལ་ཐང་ཆེན་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གཉིས་ཐུན་མོངས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་ཊི་བྷི་ཉིན་མོ་སྲུང་བརྩི་ཞུ་ཆེད། དཔལ་འབྱོར་དང་ཕྱི་དྲིལ་ལས་ཁུངས་སྐུ་སྐྱེས་མའི་རུ་ཁག་ (Women’s Team) གཉིས་དབར་སིལ་པོལ་ (Basket Ball) གྱི་མཐའ་མའི་འགྲན་བསྡུར་དང། དེ་རྗེས་བདེ་སྲུང་ལས་ཁུངས་དང་ཚོགས་དྲུང་ལས་ཁུངས་གཉིས་ཀྱི་སྐྱེད་པའི་སིལ་པོལ་གྱི་མཐའ་མའི་འགྲན་བསྡུར་གནང་ཡོད།
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་སྐུ་མགྲོན་གཙོ་བོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། བདེ་ལེགས་སྨན་ཁང་གི་ཊི་བྷི་ནད་གཞིའི་ཆེད་ལས་པ་སྨན་པ་དཀོན་མཆོག་རྡོ་རྗེ་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་སྨན་པའི་འགན་འཛིན་འཕྲིན་ལས་དཔལ་མོ་ལགས། ཊི་བྷི་ནད་གཞིའི་འབྲེལ་ལས་མིག་དམར་བཀྲིས་ལགས། ལས་བྱེད་རྣམ་པ་བཅས་ལྷན་འཛོམས་ཐོག་འབྲེལ་ལས་མིག་དམར་བཀྲིས་ལགས་ཀྱིས་རྒྱལ་སྤྱིའི་ཊི་བྷི་ཉིན་མོ་སྲུང་བརྩི་ཞུ་དགོས་སྐོར་ངོ་སྤྲོད་གནང་ཡོད། དེ་ནས་སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཊི་བྷི་ནད་གཞི་སྔོན་འགོག་དང་བཅོས་ཐབས་སྐོར་ལ་གསུང་བཤད་གནང་དོན།
འཛམ་གླིང་ནང་ཉིན་རེར་མི་བཞི་སྟོང་ཙམ་ཊི་བྷི་རྐྱེན་གྱིས་འདས་གྲོངས་སུ་འགྲོ་བཞིན་པར་བརྟེན། ནད་རིགས་ཚབས་ཆེ་ཤོས་ཤིག་ཏུ་གྱུར་ཡོད། རྒྱ་གར་མི་འབོར་ཆེན་པོའི་སྤྱི་ཚོགས་འདི་ལས་ང་ཚོ་བོད་པའི་སྤྱི་ཚོགས་ནང་ནད་གཞི་དེ་ཁྱབ་ཆེ་བ་ཡོད། འདས་པའི་ལོ་གཉིས་ཙམ་ནང་ནད་གཞི་སྔོན་འགོག་ཐད་ལས་འགུལ་ཤུགས་ཆེ་ཙམ་སྤེལ་ཐུབ་ཡོད། གཙོ་བོ་འཕྲོད་བསྟེན་ལས་ཁུངས་ཀྱི་རྒྱབ་སྐྱོར་དང་ཆེད་ལས་སྨན་པ་དཀོན་མཆོག་ལགས་ཀྱིས་སྣེ་ཁྲིད་འོག་ཨ་རིའི་གཙུག་ལག་སློབ་གྲྭ་ཞིག་ནས་རྒྱབ་སྐྱོར་གྱི་ལས་འཆར་མང་པོ་ཞིག་ནང་གཞིས་ཆགས་དང་སློབ་གྲྭ་ཁག་ནས་ནད་གཞི་མང་པོ་ཞིག་ངོས་འཛིན་གྱི་གྲུབ་འབྲས་ཐོན་ཡོད། ཨི་ཊ་ལིའི་ཚོགས་པ་ཞིག་ནས་དམིགས་བསལ་བརྟག་དཔྱད་ཀྱི་འཕྲུལ་ཆས་ཤིག་རྒྱབ་སྐྱོར་ཐོབ་ཡོད། འཕྲུལ་ཆས་དེས་ནད་འབུ་གསར་པ་མང་པོ་ཞིག་ངོས་འཛིན་ཐུབ་ཏེ་རྒྱ་གར་སྨན་ཁང་ཁག་ནས་ང་ཚོའི་རྩར་ནད་པ་ཆེད་གཏོང་གིས་ང་ཚོ་དང་རྒྱ་གར་སྨན་ཁང་དབར་འབྲེལ་ལམ་གང་ལེགས་ཡོང་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་ཕྱི་དྲིལ་ལས་ཁུངས་དང་དཔལ་འབྱོར་ལས་ཁུངས་ཀྱི་སྐུ་སྐྱེས་མའི་རུ་ཁག་གཉིས་དབར་སིལ་པོལ་འགྲན་བསྡུར་གནང་རྗེས་ཕྱི་དྲིལ་ལས་ཁུངས་ལ་རྒྱལ་ཁ་ཐོབ་པ་དང། སྐྱེད་པའི་རུ་ཁག་གཉིས་ནས་ཚོགས་དྲུང་ལ་ཨང་ ༣༢ ཐོབ་པ་དང། བདེ་སྲུང་ལས་ཁུངས་ལ་ཨང་ ༥༣ ཐོབ་རྗེས། འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་རྩེད་འགྲན་པ་དང་རྩེད་དཔང་སོགས་ལ་བྱ་དགའ་གནང་སྟེ་འབྲེལ་ལས་མིག་དམར་ལགས་ཀྱིས་ཐུགས་རྗེ་ཆེ་གསུངས་ཏེ་རྒྱལ་སྤྱིའི་ཊི་བྷི་ཉིན་མོ་སྲུང་བརྩིའི་རྩེད་འགྲན་གྱི་ལམ་རིམ་གྲོལ་བ་བཅས། །