༢༠༡༣ ཟླ་ ༣ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༩ ནས་ཚེས་ ༣༠ བར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་འོག་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་གྱིས་སྲེག་བཞིན་པའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བོད་མཁས་པའི་བགྲོ་གླེང་ཚོགས་འདུ་དབུ་འཛུགས་མཛད་སྒོར་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་གསུང་བཤད་གནང་དོན།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་བོད་མཁས་པའི་བགྲོ་གླེང་གོ་སྒྲིག་གནང་བ་མ་ཟད། དཔྱད་གཞི་ཡང་ང་ཚོར་དངོས་སུ་འབྲེལ་བ་ཡོད་པའི་རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་གདུག་རྩུབ་སྲིད་བྱུས་ལག་བསྟར་གྱིས་སྲེག་བཞིན་པའི་བོད་ནང་གི་ཛ་དྲག་གནས་སྟངས། ཞེས་བཞག་སྟེ་ཚོགས་འདུ་འཚོགས་རྒྱུའི་ཐུགས་འཁུར་གནང་བར་བཀའ་ཤག་དང་ང་རང་སྒེར་ངོས་ནས་འཚམས་འདྲི་ཞུ་རྒྱུ་ཡིན། སྤྱིར་བཏང་རྒྱ་ནག་གུང་ཁྲན་ཏང་ཕྱི་ལོ་ ༡༩༤༩ ལོར་དབང་ཆའི་སྒང་བསླེབས་ཏེ་བོད་ཀྱི་ས་ཁུལ་ནང་བཙན་འཛུལ་བྱེད་འགོ་བཙུགས་པ་ནས་བཟུང་། ཁོ་པ་ཚོའི་དམིགས་ཡུལ་དང་ཐབས་བྱུས་ཐོག་ངས་ཞུ་དགོས་ཀྱི་མ་རེད། འོན་ཀྱང་འགོ་ཁྲིད་རིམ་པ་མང་པོའི་བསམ་བློ་གཏོང་ཕྱོགས་ཀྱི་གནས་བབས་རིམ་པ་མང་པོ་ཞིག་བྱུང་ཡོད། ཕྱི་ལོ་ ༡༩༤༩ ནས་ ༡༩༥༩ བར་བཙན་འཛུལ་བྱས་པའི་གནས་བབས། ལྔ་བཅུ་ང་དགུ་ལོར་བོད་ཀྱི་ས་ཆ་ཚང་མ་བཙན་འཛུལ་བྱས་རྗེས་བོད་ནང་རྒྱང་བསྐྱོད་ཆེན་མོ་དང། ཐོན་སྐྱེད་ཆེན་མོ། མང་གཙོ་བཅོས་བསྒྱུར། རིག་གནས་གསར་བརྗེའི་གནས་བབས་ཤིག་བྱུང་ཡོད།
མདོར་བསྡུས་ན། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གི་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་རྣམ་པ་དང། ས་ཁུལ། མི་རབས་མི་འདྲ་བའི་ཐོག་ནས་བྱུང་བ་ཞིག་རེད་མ་གཏོགས་འཐབ་རྩོད་ཀྱི་རྒྱུན་རྩ་བ་ནས་ཆད་མེད། བསམ་བློའི་རྨང་གཞི་ཐོག་ནས་བོད་རྒྱ་ཆེའི་མི་མང་གི་བསམ་བློ་དེ་ལོ་ངོ་དྲུག་ཅུ་རེ་གྲངས་ཕྱིན་པའི་རྗེས་སུའང་རང་འཇགས་གནས་ཡོད། དེའི་རིང་རྒྱ་ནག་གཞུང་ནས་འཇམ་རྩུབ་ཀྱི་སྲིད་བྱུས་མང་པོ་ཞིག་ལག་བསྟར་བྱས་ཡོད། གོ་སྐབས་ལེན་མཁན་གྱི་གོ་སྐབས་བླངས་ཡོད། འོན་ཀྱང་རྒྱ་ཆེའི་མང་ཚོགས་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་བསམ་བློ་དེ་དག་གི་ཐོག་ཕྱིར་ལྟས་ཤིག་སློག་ཏེ་བལྟ་རྒྱུ་དང། ལྷག་པར་གུང་ཁྲན་ཏང་ཡོན་ཟེར་བའི་ང་རང་ཚོ་བོད་རིགས་རྣམས་ཀྱི་བསམ་བློའི་རྨང་གཞི་དང། ཏང་ཡོན་མིན་པའི་རྒྱ་ནག་གི་ལས་ཁུངས་ཁག་ནང་ཕྱག་ལས་གནང་མཁན་གྱི་ལས་བྱེད་པ་ཚོའི་བསམ་བློའི་རྨང་གཞི་ཞིབ་ཚགས་བལྟས་ན། དམིགས་ཡུལ་དང་བསམ་བློའི་ཐོག་ཁྱད་པར་མེད་པ་དང། བྱེད་ཐབས་མི་འདྲ་བ་ཏན་ཏན་ཡོད། དེ་ཚོ་གོ་བརྡ་འཕྲོད་མ་འཕྲོད་སྤྱི་ཚོགས་ཀྱི་གནས་བབས་ཐོག་ནས་འབྲེལ་བ་ཡོད་མེད་ལ་རག་ལུས་ཡོད། དེ་སྔ་ཡིན་ན་ལས་བྱེད་པ་དང་མང་ཚོགས་དབར་བསམ་བློའི་ཁྱད་པར་ཤུགས་ཆེན་པོ་རེད། དེ་ལྟར་ཉེ་པོ་བྱས་ཏེ་ལས་བྱེད་པས་བསམ་བློ་གང་འདྲ་ཞིག་གཏོང་གི་ཡོད་མེད་བལྟ་རྒྱུའི་གོ་སྐབས་མེད། ལས་བྱེད་པའི་ངོས་ནས་སོ་སོའི་བསམ་བློ་གང་ཡིན་མིན་འགྲེལ་བཤད་བརྒྱབ་ཐུབ་རྒྱུའི་གནས་བབས་ཀྱང་ཁག་པོ་ཆགས་ཡོད། དེ་ལྟ་བུའི་སྤྱི་ཚོགས་ནང་བསམ་བློའི་རྨང་གཞིའི་ཐོག་བར་ཁྱད་ཕྲན་བུ་ཡོད། བརྒྱད་ཅུ་གྱ་གྲངས་དང་དགུ་བཅུ།
ལྷག་པར་ཉིས་སྟོང་བརྒྱད་ལོར་བོད་ཆོལ་ཁ་གསུམ་ནང་ཞི་བའི་ངོ་རྒོལ་བྱུང་ཡོད། དེ་ནས་འཕྲོས་ཏེ་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་ནང་རང་ལུས་མེར་སྲེག་གཏོང་རྒྱུའི་གནས་བབས་དེ་ལྟ་བུའི་ཐོག་བོད་ནང་ཡོད་པའི་རྒྱ་ཆེའི་མང་ཚོགས་དང། རྒྱ་ནག་གཞུང་གི་གླ་ཕོགས་ལེན་མཁན་གྱི་བོད་རིགས་ལས་བྱེད་པ། ལྷག་པར་མིང་བཏགས་བྱས་ཡོད་པའི་འགན་ཡོད་མཁན་ལས་བྱེད་མང་པོ་ཞིག་གི་བསམ་བློའི་གཏིང་གི་གནས་ཚུལ་ང་ཚོས་རྟོག་རྒྱུ་ཁག་པོ་རེད། བརྒྱུད་ལམ་ཁག་ནང་བཤད་པ་དང་ཐོན་པ་དེ་དག་གནས་བབས་གཅིག་གི་ཐོག་ནས་ཡོང་གི་ཡོད། ཞིབ་ཚགས་རང་གི་བསམ་བློའི་རྨང་གཞིའི་ནང་བོད་མི་རིགས་ཀྱི་ལྟ་བ་དང་ལྷག་བསམ། ཞེན་ཁོག་མ་དོར་བར་གནས་ཡོད་པ་ངས་ངོས་འཛིན་ཞུ་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། །