༢༠༡༣ ཟླ་ ༣ ཚེས་ ༢༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༣ ཉིན་རྡ་ས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༢ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་སྨན་རྩིས་ཁང་གི་ཚོགས་ཁང་ནང་ཚོགས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་སྲོལ་རྒྱུན་གསོ་རིག་ལྷན་ཁང་གི་དེ་སྔའི་སློབ་སྟོན་པ་ཌོག་ཊར་སུ་རན་ཌར་ (Dr. Surnder Sharma) ལགས་ཀྱིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་དང་དྲུང་ཆེ་རྣམ་པ། དབུས་སྨན་རྩིས་ཁང་གི་ལས་བྱེད་དང་འབྲེལ་ཡོད་སྐུ་མགྲོན་རྣམ་པ། རྡ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དབུས་སྨན་རྩིས་ཁང་གི་སྨན་པ་དང་ལས་བྱེད་སྨན་སློབ་བཅས་ཁྱོན་མི་གྲངས་ ༣༠༠ ལྷན་འཛོམས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་སོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་མྱ་ངན་ངག་བཅད་སྐར་མ་གཅིག་གནང་རྗེས་གཡུ་ཐོག་གསོལ་འདེབས་གསུང་འདོན་གྲུབ་མཚམས་གསོལ་ཇ་འབྲས་སིལ་ཕུལ་ཏེ་དབུས་སྨན་རྩིས་ཁང་འགན་འཛིན་ཚེ་རིང་བཀྲིས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་སྨན་རྩིས་ཁང་གི་ལས་བྱེད་པ་ཞབས་ལོ་ ༣༠ དང་ ༢༠ འཁོར་བ་རྣམས་དང་། སློབ་ཐོན་སྨན་པ་ཁག་གཅིག་ལ་དཀའ་བཅུ་པ་དང་སྨན་རམས་པའི་ཕྱག་འཁྱེར། དེ་བཞིན་སྨན་སློབ་དང་རྩིས་སློབ་རྒྱུགས་འབྲས་རྩེ་ཕུད་སློབ་མ་དང་སྤྱི་པའི་རྒན་བདག་བཅས་ལ་གཟེངས་བསྟོད་བྱ་དགའ་གནང་སྟེ་སྨན་རྩིས་ཁང་ནས་པར་སྐྲུན་ཞུས་པའི་དཔེ་དེབ་རྩ་ཆུ་ཊཱིཀ་ཕྱོགས་བསྡུས་ཞེས་པ་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། ཐོག་མར་ངས་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། དེ་རིང་ང་རང་ཁྱེད་ཚོའི་ཁྲོད་དུ་བཅར་རྒྱུ་བྱུང་བ་ཧ་ཅང་སྐལ་པ་བཟང་པོ་བྱུང། དེ་རིང་འདི་གར་སློབ་ཕྲུག་ཁག་གཅིག་ལ་ལག་འཁྱེར་ཐོབ་ཡོད། ལག་འཁྱེར་ཧ་ཅང་གལ་ཆེ་ཞིག་ཡིན། གང་ཡིན་བརྗོད་ན། ལག་འཁྱེར་གྱིས་ང་ཚོར་སྤྱི་ཚོགས་ནང་ཆེ་མཐོང་ཞིག་འཐོབ་བཞིན་ཡོད་པ་མ་ཟད། ལག་འཁྱེར་དེ་བརྒྱུད་མི་ཚེའི་དམིགས་ཡུལ་མཐོ་ཤོས་དེར་བསྙེགས་ཐུབ། ང་ཚོས་བསླབ་པ་མཐར་སོན་དགའ་སྟོན་སྐབས་སློབ་ཕྲུག་རྣམས་ལ་ལམ་སྟོན་བྱེད་སྲོལ་ཡོད།
ལམ་སྟོན་དེ་སློབ་ཕྲུག་ཚོ་མི་ཚེ་ཧྲིལ་པོ་སེམས་ནང་ཉར་རྒྱུའི་ལམ་སྟོན་གལ་ཆེ་ཞིག་ཡིན། སྟོན་པ་བཅོམ་ལྡན་འདས་མ་བྱོན་པའི་སྔོན་རྒྱ་གར་ནང་ནཱ་ལེནྡྲ་དང་སྟ་ཤི་ལ་གཙུག་ལག་སློབ་གྲྭ་བྱུང་ཡོད། སྐབས་དེར་ནཱ་ལེནྡྲ་གཙུག་ལག་སློབ་གྲྭའི་ནང་ཚེའི་རིག་བྱེད་ཀྱི་སློབ་ཚན་སློབ་ཁྲིད་བྱེད་སྲོལ་ཡོད། ཉིན་གཅིག་ནཱ་ལེནྡྲའི་གཙུག་ལག་སློབ་གྲྭའི་ནང་ཚེའི་རིག་བྱེད་སློབ་ཕྲུག་གསུམ་བསླབ་པ་མཐར་སོན་ནས་ཁྱིམ་དུ་ཕྱིར་ལོག་མ་བྱས་སྔོན་བླ་མ་མཇལ་དུ་བསྐྱོད་སྐབས། བླ་མས་ཁོང་གསུམ་ལ་སྨན་གྱི་ནུས་པ་མེད་པའི་རྩ་རེ་རེ་འཁྱེར་ཡོང་ན་དགོངས་པ་སྤྲོད་རྒྱུའི་ཁས་ལེན་གནང་སྐབས། སློབ་མ་ཞིག་གིས་ཆུ་ཚོད་གཅིག་གི་རྗེས་རྩི་ཤིང་ལག་པ་གང་འཁྱེར་ནས་ཕུལ། སྐབས་དེར་བླ་མས་ཁྱེད་ད་དུང་ལོ་གཅིག་ངའི་འགྲམ་དུ་སློབ་སྦྱོང་བྱེད་དགོས། ཞེས་གསུངས་ཡོད། དེ་རྗེས་སློབ་མ་གཞན་ཞིག་གིས་ཆུ་ཚོད་གཉིས་ཙམ་རྗེས་རྩི་ཤིང་རིགས་མི་འདྲ་བ་བཅུ་ཙམ་འཁྱེར་ནས་བླ་མར་ཕུལ་ཏེ་སྨན་གྱི་ནུས་པ་གང་ཡང་མེད་ཚུལ་ཞུས་པར་བླ་མས་ཁྱེད་ངའི་འགྲམ་དུ་ད་དུང་ཟླ་བ་དྲུག་སློབ་སྦྱོང་བྱེད་དགོས། ཞེས་གསུངས་ཡོད།
དེ་རྗེས་སློབ་མ་གསུམ་པ་དེས་བླ་མའི་དྲུང་དུ་ལག་པ་སྟོང་པར་བཅར་སྐབས་བླ་མས་ཁྱེད་རང་ད་བར་ག་རེ་བྱས་སོང་ངམ། ཞེས་དྲི་བ་བཏང་བར་སློབ་མས། ངས་ཕྱོགས་བཞི་མཚམས་བརྒྱད་ལ་ཕྱིན་ནས་བཙལ་ཡང་སྨན་གྱི་ནུས་པ་མི་ལྡན་པའི་རྩི་ཤིང་རིགས་གཅིག་ཀྱང་རྙེད་མ་བྱུང་། ཞེས་ཞུ་སྐབས་བླ་མ་ཧ་ཅང་ཐུགས་མཉེས་པོ་བྱུང། དེར་བརྟེན་སྨན་གྱི་ནུས་པ་མི་ལྡན་པའི་རྩི་ཤིང་རིགས་གཅིག་ཀྱང་མེད། ཧ་ཅང་ཤེས་རིག་བཀྲ་བའི་སློབ་མ་འདི་སུ་ཡིན་བརྗོད་ན། ཁོང་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུའི་བླ་སྨན་པ་ཇི་ཝཀཱ་ཡིན། དེ་རིང་ལག་འཁྱེར་ཐོབ་མཁན་སློབ་ཕྲུག་རྣམས་ལ་ངའི་བསླབ་བྱ་གང་ཡིན་བརྗོད་ན། ཉེ་འཁོར་རྩི་ཤིང་མང་ཆེ་བར་སྨན་གྱི་ནུས་པ་ཡོད། དེར་བརྟེན་ཁྱེད་ཚོས་མི་ཚེའི་ནང་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་བེད་སྤྱོད་བཏང་ནས་ལས་དོན་ཇི་འདྲ་ཞིག་ཡིན་རུང་སྒྲུབ་སྐབས་ཧ་ཅང་གཟབ་ནན་བྱེད་དགོས། ལོ་གཉིས་གོང་གསོ་བ་རིག་པའི་སྨན་བཅོས་ལམ་ལུགས་ལ་རྒྱ་གར་གཞུང་གི་ངོས་འཛིན་ཐོབ་ཡོད། གསོ་བ་རིག་པ་དང་བོད་སྨན་ལ་ཁྱད་པར་གང་ཡང་མེད། འོན་ཀྱང་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་རྒྱ་གར་གཞུང་གིས་བོད་སྨན་དེར་གསོ་བ་རིག་པ་ཞེས་འབོད་བཞིན་ཡོད། ཁྱེད་ཚོར་ཐོབ་པའི་ལག་འཁྱེར་འདིས་རྒྱ་གར་གཞུང་གི་སྲོལ་རྒྱུན་དང་འབྲེལ་བའི་སྨན་ཁང་གང་དུ་སོང་ཡང་ངོས་ལེན་ཡོད། སྨན་གཞུང་ཡན་ལག་བརྒྱད་པ་དང་བོད་དུ་དུས་རབས་དྲུག་པ་བདུན་པའི་སྐབས་ཀྱི་སྨན་གཞུང་བསྡུར་བ་ཡིན་ན་གཅིག་པ་ཆགས་ཡོད།
གཞུང་ལུགས་དེ་དག་ནང་འབྱུང་བ་ལྔ་དང་ཉོན་མོངས་དུག་གསུམ་སོགས་ཀྱི་སྐོར་མཚུངས་པར་གསུངས་ཡོད། ཕྱོགས་མཚུངས་ཚེའི་རིག་བྱེད་ (Ayurveda)དང་བོད་སྨན་གྱི་ལམ་ལུགས་གཉིས་ཀའི་ནང་ལག་རྩ་བལྟ་རྒྱུ་དང། བཙོག་གཅིན་སོགས་བརྟག་དཔྱད་བྱེད་སྲོལ་གཅིག་མཚུངས་ཆགས་ཡོད། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྨན་རྩར་དཔྱད་པ་བྱེད་སྐབས་ཚེའི་རིག་བྱེད་དང་གསོ་བ་རིག་པ་གཉིས་ཀའི་ནང་སྨན་རྩ་གཅིག་མཚུངས་བེད་སྤྱོད་གནང་སྲོལ་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་རྗེས་བསྟན་རྒྱས་སྨོན་ལམ་གསུང་འདོན་གནང་སྟེ་གྲོལ་བ་བཅས།།