༢༠༡༣ ཟླ་ ༣ ཚེས་ ༨ རེས་གཟའ་པ་སངས།
༄༅། །རྒྱ་མི་གུང་ཁྲན་གྱིས་ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་བདག་པོ་བོད་མིའི་ཐོག་མི་ཆོས་ལས་འདས་པའི་དྲག་གནོན་གྱི་ཁྲིམས་གཞི་བསྡམས་པ་དེ་ནས་བཟུང་ད་བར་བོད་རིགས་གྲངས་ལས་འདས་པ་དུས་མིན་རྐྱེན་འདས་དང་ཉེས་མེད་བཙོན་འཇུག་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་ཆེད་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཐོག་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་ཚོགས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་རྒྱུད་སྟོད་མཁན་པོ་ལོ་མགོན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་བཙུན་སྔགས་གསུམ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དྲུང་ཆེ་ཆུང་དང་སྲི་ཞུའི་ལས་བྱེད་རྣམ་པ། མི་མང་དང་སློབ་ཕྲུག་བཅས་བརྒྱ་ཕྲག་མང་པོ་ལྷན་འཛོམས་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་མི་གུང་ཁྲན་གྱིས་བོད་ཀྱི་བདག་པོ་བོད་མིའི་ཐོག་མི་ཆོས་ལས་འདས་པའི་དྲག་གནོན་ཁྲིམས་གཞི་བསྡམས་ནས་བོད་རིགས་རྒྱལ་གཅེས་སེར་སྐྱ་ཕོ་མོ་གྲངས་ལས་འདས་པ་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། ཉེས་མེད་བོད་མི་ཁྲི་ཚོ་མང་པོ་བཙོན་འཇུག་སོགས་ཀྱི་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད།
ལྷག་པར་༸གོང་ས་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བ་དང་། བོད་ཀྱི་ཐུན་མིན་རིག་གཞུང་རྩ་མེད། པཎ་ཆེན་གཞན་ཞིག་བསྐོ་གཞག་བྱས་ཏེ་སྲིད་དོན་གྱི་ལག་ཆར་བེད་སྤྱོད་ཡོང་ཐབས་སུ་བོད་མིས་དེ་ལ་ངོས་ལེན་དགོས་ལུགས་དང་། ༸གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་བཟོས་པ། སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྒྲིག་གཤོམ་མི་ཆོག་པ་སོགས་བཙན་བཀའ་བཏང་དང་གཏོང་བཞིན་པ་དེ་དག་ལ་བོད་མིའི་ངོས་ནས་ངོས་ལེན་མི་བྱེད་པའི་རྣམ་འགྱུར་ཙམ་ཐོན་རིགས་ལ་གསོད་རྡུང་བཅོམ་གསུམ་གྱིས་དབང་ཡོད་དང་མནར་གཅོད་ཚད་ལས་བརྒལ་བ་བཏང་དང་གཏོང་མུས་ལ་བརྟེན། དུས་དྲན་འདི་དང་བསྟུན་མནར་གཅོད་མྱོང་བཞིན་བཙོན་དོང་དུ་ཡོད་པ་རྣམས་བཙོན་གྲོལ་དང་། རྒྱལ་ཞེན་སྙིང་སྟོབས་ལྡན་པའི་དཔའ་བོ་ཕོ་མོ་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་དང་དེ་དག་གི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་བཀའ་དྲིན་རྗེས་དྲན་དང་། སྐུ་གཤེགས་དཔའ་བོ་རྣམས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་ཅི་མཆིས་བྱང་ཞིང་དག་སྟེ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་མཉེས་བཞིན་དུ་རྗེས་སུ་བཟུང་བའི་མཐུ་ལ་བརྟེན་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་མཐའ་ཐུག་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མྱུར་དུ་ཐོབ་པ་དང་།
གཞིས་བཞུགས་བོད་མི་རྣམས་རྒྱ་དམར་གྱི་བཙན་འོག་ཏུ་དངངས་སྐྲག་འཇིགས་སྣང་མི་བཟོད་པ་རྒྱུན་དུ་ཡོད་ཁར། གངས་ཅན་ལྗོངས་སུ་གངས་རུད་དང་། ཆུ་ལོག ས་འགུལ། མེ་ཐན། སད་སེར། འཁྲུག་ལོང་སོགས་མི་འདོད་ཉེར་འཚེ་ཅི་མཆིས་ཞི་ནས་གཞིས་བྱེས་མཉམ་འཛོམས་ཀྱི་དགའ་སྟོན་མངོན་འགྱུར་ཆེད་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྙན་ཤལ་དང་འབྲེལ་དགེ་བཙུན་འདུས་པ་རྒྱ་མཚོར་བསྙེན་བཀུར་མང་ཇ་དང་། སྐུ་འགྱེད་ཧིན་སྒོར་ ༥༠ རེར་བཅས་ཕུལ་ཡོད་པ་བཅས། །