༢༠༡༣ ཟླ་ ༣ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཐེ་ཝན་གྲོས་ཚོགས་ཕྱི་དྲིལ་སྡེ་ཚན་འགན་འཛིན་སྐུ་ལྕམ་ཤའོ་མེའེ་ཆིང་གི་ཡིག་ཚང་དང་། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༦ སྔ་དྲོ་ཆུ་ཚོད་ ༡༠ ནས་ ༡༡ ཐོག་གྲོས་ཚོགས་ལས་དོན་ཚོགས་ཁང་ནང་བོད་དོན་ངོ་སྤྲོད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད།
ཐོག་མར་གོ་སྒྲིག་འགན་འཁུར་བཞེས་མཁན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཤའོ་མེའེ་ཆིང་ལགས་ཀྱིས་དཔལ་འབྱོར་བཀའ་བློན་མཆོག་ལ་གྲོས་ཚོགས་འཐུས་མིའི་ཚབ་གནང་སྟེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། གོ་སྒྲིག་གནང་བའི་དགོས་དམིགས། དེ་བཞིན་ཚོགས་ཞུགས་གྲོས་ཚོགས་འཐུས་མི་རྣམས་ངོ་སྤྲོད་གནང་ཡོད། དེ་རྗེས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་འཚམས་འདྲི་གནང་བ་དང་སྦྲགས། བཙན་བྱོལ་ནང་གནས་བོད་མི་ཚོས་གཙོ་བོ་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐུབ་ནས་གྲུབ་འབྲས་གང་ལེགས་ཐོན་ཡོད་པའི་སྐོར་དང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས། ལྷག་དོན་བོད་མིས་རང་ལུས་མེར་སྲེག་བཏང་བའི་སྐོར། ལོ་རྒྱུས་ཐོག་བོད་རང་བཙན་གྱི་གནས་བབ་ཡིན་ཡང་། ༡༩༧༩ ལོར་རྒྱ་ནག་དཔོན་རིགས་ཏེང་ཞའོ་ཕིང་གིས་རང་བཙན་ཕུད་བཀའ་མོལ་གཞན་གང་གནང་ཡང་ཆོག་ཅེས་པར་གཞི་བཞག་ཐོག་གཉིས་ཕན་དབུ་མའི་ལམ་གྱི་དགོངས་གཞི་དང་། ད་བར་བོད་རྒྱ་དབར་འབྲེལ་ལམ་གྱི་བརྒྱུད་རིམ། བོད་མིའི་འཐབ་རྩོད་འདི་དྲང་བདེན་དང་འཚེ་མེད་ཞི་བའི་ལམ་ནས་འགྲོ་བཞིན་ཡོད་སྟབས། ཐེ་ཝན་གྱིས་གཙོས་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་དགོས་པའི་འབོད་སྐུལ་སོགས་ཀྱི་འབོད་སྐུལ་གསུང་བཤད་གནང་ཡོད། དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཡིག་ཐོག་ཐེ་ཝན་ནང་གཞུང་དང་གཞུང་འབྲེལ་མིན་པའི་བོད་མིའི་ཚོགས་པ་ཁག་དང་ཚོགས་པའི་གནས་སྟངས། བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་རྣམས་དང་། གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་དོན་ཐོག་རྒྱབ་སྐྱོར་གང་གནང་ཡོད་པ་སོགས་ངོ་སྤྲོད་ཡིག་ཆ་འགྲེམས་སྤེལ་གནང་།
དེ་ཉིན་ཐེ་ཝན་གྲོས་ཚོགས་ནང་རྡུལ་ཕྲན་གློག་ཁང་གསར་རྒྱག་ཐད་རྒྱབ་སྐྱོར་དང་ངོ་རྒོལ་གྱི་ཉན་ཞིབ་ཚོགས་འདུ་གལ་ཆེ་ཞིག་ཚོགས་བཞིན་ཡོད་ཀྱང་། མང་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་གི་གྲོས་ཚོགས་འཐུས་མི་བརྒྱད་ཙམ་ཆེད་དུ་ཕེབས་ནས་བཀའ་བློན་མཆོག་ཐེ་ཝན་ནང་ཕེབས་པ་དང་། ལྷག་པར་གྲོས་ཚོགས་ནང་ཕེབས་པར་དགའ་བསུའི་འཚམས་འདྲི་ཞུས་ཡོད། ཚོགས་ཞུགས་གྲོས་ཚོགས་འཐུས་མི་ལྕམ་སྐུ་གྲན་ཇའེ་རུའུ་ལགས་ཀྱིས་ཁོང་ཉིད་བཞུགས་སྒར་དུ་བཀའ་བློན་ཁྲི་པའི་ཁྲི་འདོན་མཛད་སྒོར་བཅར་མྱོང་ཡོད་པས། བཀའ་བློན་ཁྲི་པ་ནི་ལོ་ན་ཆུང་ཞིང་བོད་ཀྱི་མ་འོངས་རེ་བ་ཞིག་ཡིན་འདུག བོད་ནང་གི་བོད་མིས་རང་ལུས་མེར་སྲེག་བཏང་བ་སྙིང་སྟོབས་ཆེན་པོ་ཡིན་ཡང་། རྩ་ཆེའི་ལུས་སྲོག་བཏང་བ་ཧ་ཅང་ཕངས་པོ་ཡིན་པས། རང་ལུས་མེར་སྲེག་མཚམས་འཇོག་གནང་ན་ལེགས་ཚུལ་དང་། ཁོང་ཉིད་ནས་དེ་སྔོན་བོད་མིའི་སྐྱབས་བཅོལ་བ་སོགས་ལ་རོགས་རམ་གང་ཐུབ་གནང་ཡོད་སྐོར་དང་། ཐེ་ཝན་དུ་ཡོད་པའི་བོད་མི་ཚོ་རྡོག་རྩ་ཆིག་སྒྲིལ་ཡག་པོ་འདུག་ལ། དཀའ་ལས་ཀྱང་རྒྱག་གི་འདུག ང་ཚོས་མུ་མཐུད་མཉམ་རུབ་དགོས་ཚུལ་སོགས་ཀྱི་གསུང་བཤད་གནང་ཡོད།
གྲོས་ཚོགས་འཐུས་མི་ལྕམ་སྐུ་ཡུའེ་མེའེ་ཉུའུ་ལགས་ཀྱིས་བོད་མིས་རང་ལུས་མེར་སྲེག་བཏང་བར་གདུང་སེམས་མཉམ་སྐྱེ་ཡོད། ཐེ་ཝན་གཞུང་གིས་བོད་དོན་ཐོག་ཐད་ཀར་རྒྱ་ནག་ལ་བརྡ་ལན་བྱེད་ཀྱི་མེད་ཀྱང་། གྲོས་ཚོགས་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་བྱེད་ཐུབ་པ་བྱུང་ཡོད་པས་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང།
གྲོས་ཚོགས་འཐུས་མི་ཝུ་བྷིང་རུའེ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིར་མི་ཆོས་ལས་འདས་པའི་མནར་གཅོད་བཏང་བར་ཡིད་སྐྱོ་དང་གདུང་སེམས་མཉམ་སྐྱེ་ཡོད། བོད་མིའི་དཀའ་སྡུག་ཚང་མས་ཤེས་ཐུབ་རྒྱུ་དང་ཐུགས་འཁུར་བྱ་རྒྱུ་གལ་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱི་ཕྱག་ལས་གནང་སྟངས་ལ་ཡི་རང་མངགས་བརྗོད་ཡོད། བོད་མི་རྣམས་མྱུར་དུ་དཀའ་སྡུག་ནས་གྲོལ་བའི་རེ་བ་བྱེད་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
གྲོས་ཚོགས་འཐུས་མི་སྐུ་ཞབས་ལིན་ཅཱ་ལུང་ལགས་ཀྱིས་ཁོང་ཉིད་ཡུན་རིང་ནས་བོད་མིར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན། གྲོས་ཚོགས་ནང་སྲིད་དོན་ཚོགས་ཁག་གི་དབྱེ་བ་མེད་པར་བོད་མིར་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེ་རེད་ལ། ཐེ་ཝན་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་བོད་མིའི་གནས་སྟངས་ལ་དོ་སྣང་དང་རྒྱབ་སྐྱོར་གནང་རྒྱུ་གལ་ཆེ་ཡིན་གནས་ཀྱི་གསུང་བཤད་གནང་།
གོ་མིན་ཏང་གྲོས་ཚོགས་འཐུས་མི་གྲན་ཞོལ་ཧྲེང་ལགས་ཀྱིས་ཁོང་ཉིད་ཐེ་ཝན་ནང་ཡོད་པའི་བོད་མིར་མཐའ་གཅིག་ཏུ་མཐུན་འགྱུར་རྒྱབ་སྐྱོར་གནང་མཁན་གྲས་ཤིག་ཡིན། དེ་སྔོན་༸གོང་ས་མཆོག་ཐེ་ཝན་ནང་ཆིབས་སྒྱུར་བསྐྱངས་སྐབས་༸གོང་ས་མཆོག་གི་བྱིན་རླབས་ཐོབ་མྱོང་ལ། ༸གོང་ས་མཆོག་ཐེ་ཝན་ནང་ཆིབས་སྒྱུར་བསྐྱང་རྒྱུར་དགའ་བསུ་ཡོད་སྐོར་གྱི་གསུང་བཤད་གནང་།
གྲོས་ཚོགས་འཐུས་མི་ཚོས་ད་དུང་ཐེ་ཝན་ནང་སྐྱབས་བཅོལ་པའི་ཁྲིམས་ལུགས་སྐོར་དང་། བོད་བརྒྱུད་ནང་ཆོས་སྐོར་འགྲེལ་བཤད་དང་དྲི་བར་བཀའ་བློན་མཆོག་གིས་རེ་རེ་བཞིན་ལན་འདེབས་གསལ་བཤད་གྲུབ་རྗེས། ཚོགས་ཞུགས་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་། བོད་མི་བསམ་ཡོད་ཅན་གྱིས་རྒྱ་གཞུང་ལ་བཏང་བའི་སྤྲིངས་ཡིག་ཕྱོགས་སྒྲིག་ཅེས་པའི་དེབ་རེ་ཕྱག་རྟགས་སུ་ཕུལ་ཡོད་པ་བཅས།།