༢༠༡༣ ཟླ་ ༣ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་གཞི་རིམ་བར་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གསུམ་པའི་མཇུག་བསྡོམས་མཛད་སྒོ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༨ ཕྱེད་ཡོལ་ཆུ་ཚོད་ ༢།༡༥ ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་དུ་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི། ཤེས་རིག་ཤེས་ཡོན་འགན་འཛིན་བཅས་ཚོགས་ཕེབས་གནང་ཡོད།
དེ་ཡང་ཐོག་མར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་ནང་བོད་ཁྱིམ་གཉིས་དང་སམ་བྷོ་ཊ། བལ་ཡུལ་སློབ་ཁག་གི་གཞི་རིམ་བར་མའི་དགེ་རྒན་ ༢༧ མཉམ་ཞུགས་གནང་ཡོད་པ་དང་། ཕྱི་ཚེས་ ༡༢ ནས་ ༡༨བར་ཉིན་བདུན་རིང་དཔལ་ལྡན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་མོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་ནང་དོན་ཁག་དང་། ཅེ་ནེའི་གཙུག་ལག་སློབ་ཁང་གི་སློབ་དཔོན་ཆེན་མོ་ཌོག་ཊར་ར་མུ་མ་ནི་ཝན་ནམ་མཆོག་གིས་ཤེས་ཡོན་གྱི་ལྟ་གྲུབ་དང་སློབ་ཁྲིད་ཐབས་ལམ། སློབ་ཚན་འཆར་འགོད། ཁྱོན་ཡོངས་ཀྱི་ཤེས་ཡོན་སོགས་དང་། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་གྱིས་ཤེས་ཡོན་ཞིབ་འཇུག་སྐོར། ས་རཱ་མཐོ་སློབ་ཀྱི་སློབ་སྤྱིས་བཟང་སྤྱོད་ཤེས་ཡོན། ཤེས་རིག་ཤེས་ཡོན་འགན་འཛིན་རྣམས་ཀྱིས་མ་སྐད་སློབ་གསོ་དང་མཉམ་འབྲེལ་ཁྲིད་ཐབས། དམིགས་བསལ་ཤེས་ཡོན། ཤེས་རིག་མདུན་ལམ་སློབ་སྟོན་པས་བྱིས་པའི་སེམས་ཁམས་རིག་པ། ས་རཱ་མཐོ་སློབ་ཀྱི་སློབ་དགེ་རྡོ་རྗེ་རྒྱལ་མཚན་ལགས་ཀྱིས་ཉེས་རྡུང་གི་སྐྱོན་གནད་དང་ཁྲིད་ཐབས་གཞན་སོགས་སློབ་ཁྲིད་གནང་ཐུབ་པ་བྱུང་ཡོད་པ་མ་ཟད། ཟབ་སྦྱོང་བ་རྣམས་ཕྱི་ཚེས་ ༡༦ ཉིན་དཔེ་སྟོན་སློབ་གྲྭར་ལྟ་སྐོར་སོགས་ལས་འཆར་སྤེལ་ཐུབ་པ་བྱུང་ཡོད་པའི་ལས་བསྡོམས་སྙན་སྒྲོན་ཞུས།
དེ་ནས་ཟབ་སྦྱོང་བ་རྣམ་པའི་སྐུ་ཚབ་སྦེལ་ཀོབ་བོད་ཁྱིམ་དགེ་ཆེའི་ལས་རོགས་དགེ་བསྟན་འཛིན་འཇམ་དབྱངས་དང་གོ་པུར་བོད་ཁྱིམ་དགེ་ཚེ་རིང་ནོར་བུ་བཅས་ཀྱིས་མྱོང་ཚོར་གསུང་བཤད་གནང་། གཞན་ཡང་ས་རཱ་མཐོ་སློབ་སྤྱིས་བཟང་སྤྱོད་སློབ་གསོ་དང་དགེ་རྒན་གྱི་ལས་འགན། ད་ལྟའི་སློབ་གྲྭ་ཁག་ནང་བོད་སྐད་གཙང་མ་བསྐྱོན་དགོས་པ་སོགས་ལམ་སྟོན་དཔེ་དང་སྦྱར་ནས་གསུངས་ཡོད། དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེས་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་གནང་སྟེ། མཇུག་བསྡོམས་ལམ་སྟོན་གསུང་བཤད་གནང་སྐབས། སྤྱིར་བཀའ་ཤག་སྐབས་བཅུ་བཞི་པའི་ཤེས་ཡོན་ལས་དོན་གལ་གནད་ཆེ་ཤོས་འཛིན་བཞིན་པའི་གནས་སྐབས་འདིར་ཤེས་ཡོན་གྱི་ལས་གནས་སུ་ཞུགས་པ་ཚང་མའི་བློ་སྒྲིམ་ནས་འབད་འབུངས་དགོས་སྐོར་དང་། དགེ་རྒན་ལས་སྒོར་ཞུགས་པ་རྣམས་བསྔགས་བརྗོད་དང་འབྲེལ་ལས་འགན་ཡང་གཞན་དང་མི་འདྲ་ཡོད་པའི་སྐོར།
ལྷག་པར་ད་ལྟའི་སློབ་ཕྲུག་ཚོས་དྲི་བར་ལན་འདེབས་སྐབས་ཀྱི་གདེང་སྤོབས་ཀྱི་འདང་མིན་དཀའ་ངལ། དཔེ་དེབ་ལྟ་ཀློག་གི་གོམས་གཤིས་བསྐྲུན་ཕྱོགས། བོད་ཨིན་སྐད་ཡིག་གཉིས་རང་རྐྱ་འཕེར་ཐབས། དགེ་རྒན་སོ་སོའི་ཤེས་ཚད་ཡར་རྒྱས་གཏོང་ཕྱོགས། སློབ་ཕྲུག་ཚོས་ཚན་རིག་དང་ཨང་རྩིས་དོ་དབྱིངས་ཡོང་ཐབས་སྐོར་སོགས་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང་། དེ་ནས་ཤེས་ཡོན་འགན་འཛིན་སྐལ་བཟང་དབང་འདུས་ལགས་ཀྱིས་ཟབ་སྦྱོང་ནང་ཆ་ཤས་ལེན་མཁན་རྣམས་དང་། ཚོགས་ཡུལ་ས་རཱ་མཐོ་སློབ་ཀྱི་སློབ་སྤྱིས་གཙོས་མཐུན་འགྱུར་སྐྲུན་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་བཅས། །