༢༠༡༣ ཟླ་ ༣ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༩ ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་དབུ་བླ་བཀའ་ཟུར་ཀིརྟི་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཞོན་མེ་ཁལ་བྷ་རེན་ (Mr. Michael Brand) མཆོག་དང། ཇར་མན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ལྕམ་སྐུ་སེ་བྷིན་ (Mrs. Sabine Bätzing-Lichtenthäler) ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་ཡོད། སྐབས་དེར་རིན་པོ་ཆེ་མཆོག་གིས་གསུང་དོན།
ཀིརྟི་དགོན་པ་དང་རྔ་པ་ཁུལ་གྱི་མི་མང་རྣམས་ཀྱིས་རྒྱ་ནག་གཞུང་གི་གདུག་རྩུབ་མནར་གཅོད་རྒྱུན་མ་ཆད་པ་མྱངས་དང་མྱོང་བཞིན་ཡོད། ལྷག་པར་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པའི་ཁུལ་དུ་མང་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་སྒེར་ལངས་བྱེད་སྐབས་རྒྱ་གཞུང་གི་དམག་མིས་མེ་མདའ་བརྒྱབ་སྟེ། བོད་མི་ ༢༨ དམར་གསོད་བཏང་ཡོད་ཁོངས་ནས་བོད་མི་ཆུང་ཤོས་ནི་འབྲིང་རིམ་སློབ་གྲྭར་སྐྱོད་བཞིན་པའི་ལོ་ན་ ༡༦ ལ་སོན་པའི་བུད་མེད་ལྷུན་གྲུབ་མཚོ་ཆགས་ཡོད།
སྤྱིར་བཏང་མའོ་ཙེ་ཏུང་གི་འགོ་ཁྲིད་འོག་ཕྱི་ལོ་ ༡༩༣༥ ལོར་དམར་དམག་རྒྱང་བསྐྱོད་སྐབས་ནས་བཟུང་རྔ་པའི་ས་ཁུལ་དུ་གནས་སྡོད་ཕྲན་རང་གི་ཕ་མ་གཉིས་ཀྱིས་གཙོས་བོད་མི་ཚོས་མི་རབས་གསུམ་རིང་རྒྱ་ནག་དམར་པོའི་འོག་དཀའ་སྡུག་ཧ་ཅང་མྱངས་ཡོད། ཕྲན་རང་ཉིད་ལ་མཚོན་ན་ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་བྱུང་མཚམས་དཀའ་ངལ་འཕྲད་བྱུང་། དེང་སྐབས་རྒྱལ་དར་དམར་པོའི་འོག་འཚར་ལོངས་བྱུང་བའི་བོད་མི་མི་རབས་གསུམ་པ་ཚོས་རྒྱ་དམར་གྱི་བཙན་གནོན་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད། ཀིརྟི་དགོན་པ་ལྟ་བུར་མཚོན་ན་ཕྱི་ལོ་ ༢༠༠༨ ནས་བཙོན་ཁང་ལྟ་བུར་གྱུར་ཡོད། རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་དགེ་འདུན་པ་ཚོར་གདུག་རྩུབ་མནར་གཅོད་དང། རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ། དྲག་ཆས་གྱོན་པའི་མི་སྣ་འགྲེམས་འཇོག་བྱས་པར་བརྟེན།
ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡོད། སྐབས་དེར་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་པས་ཁོང་གི་ལུས་སྟེང་གང་བྱུང་མེ་མདའ་བརྒྱབ་སྟེ་ཐང་ལ་འགྱེལ་རྗེས་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་ཁོང་གི་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད། ད་བར་བོད་མདོ་དབུས་ཁམས་གསུམ་ནས་བོད་མི་རྒྱལ་གཅེས་པ་ ༡༠༩ ཡིས་རང་ལུས་མེར་སྲེག་བཏང་ཡོད། ཁོང་རྣམ་པ་ཚང་མས་མགྲིན་དབྱངས་གཅིག་གྱུར་ཐོག་༸གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་པ་དང། བོད་ནང་རང་དབང་དགོས། ཞེས་འབོད་སྒྲ་སྒྲོག་བཞིན་ཡོད། རང་ལུས་མེར་སྲེག་གཏོང་མཁན་ཁོངས་ནས་ ༤༧ རྔ་པ་ཁུལ་ནས་ཡིན་པ་དང་། དེའི་ནང་ནས་ ༡༧ ཀིརྟི་དགོན་པའི་དགེ་འདུན་པ་ཡིན། ཡིད་སྐྱོ་བ་ཞིག་ལ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཁོངས་ནས་ ༩༡ འདས་གྲོངས་སུ་གྱུར་ཡོད། བོད་ནང་ད་ལྟའི་ཆེས་ཛ་དྲག་ཅན་གྱི་གནས་སྟངས་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག དེ་བཞིན་རང་བྱུང་ཁོར་ཡུག་སོགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པའི་རྐྱེན་ལས་བྱུང་བ་ཞིག་རེད།
སྔ་ལོ་རྒྱ་ནག་གཞུང་གིས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་དང་གཉེན་ཉེ་སོགས་འཛིན་བཟུང་བྱེད་རྒྱུའི་ལས་འགུལ་གསར་པ་ཞིག་འགོ་བཙུགས་ཡོད་པར་བརྟེན། འཛིན་བཟུང་བྱས་པའི་ནང་མི་སྤུན་མཆེད་རྣམས་ཀྱི་བདེ་འཇགས་ལ་ང་རང་བློ་འཚབ་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་དང་གཉེན་ཉེ་སོགས་འཛིན་བཟུང་བྱས་ཀྱང་བོད་ནང་རང་ལུས་མེར་སྲེག་གཏོང་རྒྱུ་མཚམས་ཆད་མེད། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༡ ཉིན་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༤༠ ལ་སོན་པའི་བློ་བཟང་དཀོན་མཆོག་ལགས་དང། རྔ་པ་ནས་ཡིན་པ་རང་ལོ་ ༣༡ ལ་སོན་པའི་བློ་བཟང་ཚེ་རིང་ལགས་རྣམ་གཉིས་ལ་རང་ལུས་མེར་སྲེག་གི་བརྒྱུད་བསྐུལ་བྱས་པའི་བསྙད་འདོགས་ཀྱི་ཉེས་འཛུགས་འོག་གཅིག་ལ་ལོ་གཉིས་རྗེས་སྲོག་ཁྲིམས་དང་གཞན་དེར་ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད། ཅེས་སོགས་གསུངས་ཡོད།
སྐབས་དེར་སྐུ་ཞབས་བྷ་རེན་ཌི་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་སྐོར་གསུངས་པ་དང་སྦྲགས་ང་ཚོར་བོད་མིའི་ཆོས་དང་རིག་གཞུང་གི་རང་དབང་ཐོག་བློ་འཚབ་ཆེན་པོ་ཡོད། ཅེས་སོགས་གསུངས་ཡོད་པ་བཅས།།