༢༠༡༣ ཟླ་ ༣ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་དྲིལ་སྒྲ་བརྙན་ཚན་པར་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་འཁོད་དོན་ལྟར་ན། རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁྲི་འདུ་རྫོང་རྫ་སྟོད་ཤང་ཉ་མཚོ་ཡུལ་མཚོ་ཁང་དམར་སྡེ་བའི་ངོས་ནས་འདི་ལོ་བོད་མིའི་རང་དབང་གྱེན་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ ཉིན་མོ་དང་བསྟུན།
ཁུལ་དེའི་བྲག་སྟེང་དུ་༸རྒྱལ་བའི་གསོལ་འདེབས། གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱལ་མཚོ་ཡིས། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག། བརྐོས་ཡོད། གནས་ཚུལ་དེ་རྒྱ་གཞུང་གིས་ཤེས་རྟོག་བྱུང་བ་དང་འབྲེལ་ཆབ་སྲིད་ཀྱི་གནད་དོན་ལ་བརྩིས་ཏེ་དམག་མི་བཏང་ནས་བཙན་དབང་གིས་བསུབ་བཅུག་ཡོད། འོན་ཀྱང་དེའི་སྐབས་མི་མང་འཛིན་བཟུང་བྱས་ཡོད་མེད་དང་བསུབ་པའི་དུས་ཚོད་བཅས་ད་ལྟ་གསལ་པོ་ཤེས་རྟོག་ཐུབ་མི་འདུག
ལྷག་པར་འདི་ལོ་གསུམ་བཅུའི་དུས་དྲན་གོང་དུ་རྒྱ་གཞུང་གིས་ས་གནས་མི་མང་རྣམས་ཚོགས་འདུ་བསྡུ་སྐོང་བྱས་ཏེ་ཁ་པར་ནང་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་མི་ཆོག་པ་དང་། གལ་སྲིད་སྐད་ཆ་བཤད་ན་གནས་ཚུལ་ཚང་མ་རྒྱ་གཞུང་གིས་སྒྲ་བཅུག་བྱེད་ཀྱི་ཡོད་སྟབས། གནས་ཚུལ་ཚང་མ་ཤེས་ཀྱི་ཡོད་པའི་ཆ་ནས་མི་མང་ཚོས་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་རྒྱུ་མེད་པའི་འཇིགས་སྐུལ་བྱས་འདུག དེར་བརྟེན་དེང་སྐབས་ས་གནས་ཡུལ་མི་རྣམས་རྒྱ་གཞུང་གི་འཇིགས་སྣང་འོག་སྐད་ཆ་བཤད་རྒྱུར་ཟོན་ཆེན་པོ་བྱས་ཏེ་ས་གནས་ཀྱི་ཞིབ་ཕྲའི་གནས་ཚུལ་ཆ་ཚང་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་འདུག་བཅས། །