༢༠༡༣ ཟླ་ ༢ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །བཀའ་ཤག་གི་བཀོད་ཁྱབ་ལྟར་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༩ ཉིན་ཤེས་རིག་གི་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ལས་འཁུར་ཞུས་པའི་རྟེན་འབྱུང་གི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་དྲུང་ཆེ་གསར་པ་སྟོབས་རྒྱལ་ཚེ་རིང་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་རྗེས་དྲུང་ཆེ་གསར་པས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་འབུལ་ལམ་ཞུས་གྲུབ་མཚམས་ཤེས་རིག་ལས་བྱེད་རྣམས་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་དང་དྲུང་ཆེ་གསར་པར་རིམ་བཞིན་རྟེན་འབྲེལ་གྱི་མཇལ་དར་སྒྲོན་གྲུབ་བསྟུན་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གསུང་བཤད་སྙིང་བསྡུས་ཤིག་གནང་སྟེ་སྟབས་བདེའི་མཛད་སྒོ་གྲོལ་བ་ཡོད།
ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས། ཁོང་ནི། ཕྱི་ལོ་ ༡༩༥༥ ལོར་བོད་ལ་སྟོད་རྫོང་དཀར་ཕུ་ལྷག་ཅེས་པའི་གྲོང་སྡེར་འཁྲུངས་ཤིང་། རང་ལོ་ ༨ ཐོག་ཨ་ཞང་དང་མཉམ་དུ་རྒྱ་གར་དུ་འབྱོར་རྗེས་རྡ་ས་ཟུར་གསོག་སློབ་གྲྭ་དང་པཱན་ཅ་མཱ་རི་གཏན་སློབ། མ་སུ་རི་གཏན་སློབ་བཅས་སུ་སློབ་སྦྱོང་གོ་སྐབས་ཐོབ། ཕྱི་ལོ་ ༡༩༧༣ ལོར་བལ་ཡུལ་ཤར་ཁུམ་བུ་ཤོ་རོང་བདེ་ལེགས་གཞིས་ཆགས་སུ་ཉིན་སློབ་ཀྱི་དགེ་ཆེ་དང་འཛིན་སྐྱོང་གཅིག་ལྕོགས་ཀྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༧ ལོར་ནང་སྲིད་ལས་ཁུངས་ཀྱི་སྦིར་བོད་ཚོགས་ལས་བྱེད་དུ་བསྐོ་གཞག་གི་བཟོ་གཞིས་ལས་ཁུངས་ཀྱི་རྩིས་པ་དང་རུམ་བཟོའི་དོ་དམ་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༨ ལོར་ལས་བྱེད་དུ་དངོས་སུ་བཞུགས།
ཕྱི་ལོ་ ༡༩༨༣ ལོར་ཨོ་རི་ས་གཞིས་ལས་ཁང་དང་མཉམ་འབྲེལ་གྱི་དངུལ་གཉེར་གནང་། ཕྱི་ལོ་ ༡༩༨༦ ལོར་བདེ་ལེགས་སྨན་ཁང་གི་དྲུང་ཆེར་བསྐོ་གཞག་གནང་བ་ལྟརལོ་ལྔའི་རིང་ཞབས་ཕྱི་ཞུས། ཕྱི་ལོ་ ༡༩༩༡ ལོར་ལ་དྭགས་བསོད་ནམ་གླིང་དུ་གནས་སྤོས་ཀྱི་མཉམ་དྲུང་དང་ལ་སྤྱི་བཅས་གནང་སྟེ་མི་མང་གི་བདེ་སྡུག་ལ་ལྟ་རྟོག་གནང་། ཕྱི་ལོ་ ༡༩༩༧ ལོར་ནང་སྲིད་ལས་ཁུངས་སུ་གནས་སྤོས་རྗེས་ལོ་བཅུ་གཅིག་རིང་དྲུང་ཆེའི་ལས་རོགས་དང་། དྲུང་གཞོན་བཅས་ཀྱི་གནས་རིམ་ཐོག་ལྷོ་གཞིས་ཁག་དང་ཀ་རྡོར་སྒང་གསུམ་གྱི་གཞིས་ཆགས་ཁག་གི་གནས་སྟངས་ལ་ལྟ་རྟོག་གི་ལས་འགན་བཞེས།
ཕྱི་ལོ་ ༢༠༠༧ ལོར་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་གཞག་གི་སྨན་ཁང་ཁག་གི་འཛིན་སྐྱོང་དང་ཊི་སྦི་ནད་གཞི་གཙོས་པའི་ལས་གཞི་ཁག་ལ་ལྟ་རྟོག་གནང་། ཕྱི་ལོ་ ༢༠༡༢ ལོར་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དུ་བསྐོ་གཞག་གི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འཛིན་སྐྱོང་ལྟ་རྟོག་དང་འཆར་འགོད་ལམ་སྟོན་གནང། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༨ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གི་ལས་འགན་བཞེས་མུས་ཡིན་པ་བཅས། །