༢༠༡༣ ཟླ་ ༢ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཨུ་རུ་སུའི་རྒྱལ་ས་མོས་ཀོ་རུ་ (Tibet on the Roof of the World)འཛམ་གླིང་གི་མཐོ་སྒང་བོད་ཅེས་པའི་དངོས་བྱུང་གི་གློག་བརྙན་གསར་པ་ཞིག་བསྟན་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། འཛམ་གླིང་གི་མཐོ་སྒང་བོད་ཅེས་པའི་བོད་སྐོར་དངོས་བྱུང་གི་གློག་བརྙན་དེ་བཞིན་སྐུ་ཞབས་མེ་ཁལ་ལེན་ཌར་ (Michael Linder) ལགས་ཀྱིས་བཟོ་བསྒྲིགས་གནང་བ་དང་།
གློག་བརྙན་དེའི་ནང་ཨུ་རུ་སུའི་རུ་ཁག་གཅིག་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གཞིས་ཀ་རྩེ་བརྒྱུད་རི་བོ་ཇོ་མོ་གླང་མ་བར་སྐོར་སྐྱོད་གནང་བའི་སྐབས། ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་དང་གནས་ལུགས་ཐོག་དངོས་སུ་རྟོག་ཞིབ་བྱུང་བའི་མྱོང་ཚོར་གསལ་འདོན་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་གིས་བོད་ཐོག་བཙན་འཛུལ་བྱས་པ་དང་། དེ་ནས་རིག་གནས་གསར་བརྗེ་ཆེན་མོའི་སྐབས་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་ཇི་ལྟར་བཏང་བའི་བརྙན་པར་ཡང་ཕྱོགས་བསྒྲིགས་ཞུས་ཡོད་འདུག
རྒྱལ་ས་ མོ་སི་ཁོ(Moscow) རུ་འཛམ་གླིང་གི་མཐོ་སྒང་བོད་ཅེས་པའི་གློག་བརྙན་དེ་བཞིན་ཁུལ་དེར་རྟེན་གཞི་བྱས་པའི་བོད་ཁང་དང་། སྤྲིན་དཀར་རིག་གཞུང་བསྟི་གནས་ཁང་གཉིས་ནས་ཟུང་འབྲེལ་གོ་སྒྲིག་ཞུས་པ་ཡིན་འདུག
གློག་བརྙན་བསྟན་གྲུབ་མཚམས་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་ཀྱིས་ལྟད་མོ་ལྟ་མཁན་ཚོར་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད་པ་མ་ཟད། ལོ་རྒྱུས་ཐོག་བོད་འདི་བཞིན་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན་རུང་། ད་ལྟ་བོད་མིའི་ངོས་ནས་རང་བཙན་གྱི་དགོས་འདུན་བཟུང་གི་མེད་ལ། དབུ་མའི་ལམ་གྱི་ལྟ་གྲུབ་གཞིར་བཟུང་སྟེ། བོད་ལ་དོན་སྙིང་ལྡན་པའི་རང་སྐྱོང་གི་གནས་བབ་རྩོད་ཀྱི་ཡོད། དེ་བཞིན་རྒྱ་ནག་གཞུང་ནས་བོད་ཐོག་བཟུང་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་བོོད་ནང་གི་བོད་མི་ ༩༩ ནས་རང་ལུས་མེར་སྲེག་གཏོང་དགོས་ཐུག་ཡོད། ཅེས་གསུངས་འདུག་པ་བཅས། །