༢༠༡༣ ཟླ་ ༢ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༦ ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཁེ་ན་ཌའི་སི་ཊི་ཝི་ (CTV) ཞེས་པའི་བརྙན་འཕྲིན་ལས་ཁང་གི་གསར་འགོད་པས་ད་ཕན་བོད་ནང་དགེ་བཙུན་དང་མི་སྐྱ་གྲངས་བརྒྱ་བརྒལ་བས་རང་ལུས་མེར་སྲེག་དགོས་པའི་རྒྱུ་རྐྱེན་གང་ཡིན་དང། དེ་བཞིན་སྐུ་ཉིད་མཆོག་གིས་ཁེ་ན་ཌའི་གཞུང་ཕྱོགས་ལ་གང་ཞིག་གསུང་རྒྱུ་ཡོད་དམ་ཞེས་པའི་དྲི་བར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན། ཐོག་མར་ངས་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་དེ་རིང་བརྙན་འཕྲིན་ཐོག་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོས་ཁེ་ན་ཌའི་གཞུང་དང་མི་དམངས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལྷན་ངས་སླར་ཡང་རེ་སྐུལ་ཞུ་རྒྱུར། བོད་ནང་གི་བོད་མིས་དཀའ་ངལ་ལ་གདོང་ལེན་གནང་སྟེ་བོད་མི་མང་དག་ཅིག་གིས་རང་ལུས་མེར་སྲེག་བཏང་སྟེ་ཆེས་ཛ་དྲག་ཅན་གྱི་གནས་སྟངས་འོག་གནས་ཡོད། དེར་བརྟེན་ཁེ་ན་ཌའི་གཞུང་ཕྱོགས་ནས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཏེ་བོད་ནང་གི་དཀའ་ངལ་སེལ་ཆེད་ང་ཚོ་དང་རྒྱ་གཞུང་དབར་གྲོས་མོལ་ཡོང་ཐབས་ཀྱི་རེ་བ་ཞུ་བཞིན་ཡོད། བོད་ནང་གི་བོད་མིས་རང་ལུས་མེར་སྲེག་བཏང་དང་གཏོང་མུས་ཀྱི་རྒྱབ་ལྗོངས་གནས་སྟངས་ཧ་ཅང་གསལ་པོ་རེད། གང་ལ་ཞེ་ན། སྤྱིར་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཆ་མི་སྙོམས་པ་དང་ཡང་སྒོས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། བོད་མིར་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་མེད་སྟབས། བོད་མི་ཚོས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། ཁོང་རྣམ་པའི་དགོས་འདུན་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མིར་རང་དབང་དགོས་པ་སོགས་ཡིན། དེར་བརྟེན་ཁོང་རྣམ་པས་རང་ལུས་མེར་སྲེག་བཏང་བར་ང་ཚོའི་ངོས་ནས་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད། ཅེས་ལན་འདེབས་གནང་ཡོད།
ཡང་གསར་ཁང་དེའི་གསར་འགོད་པས་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་མང་དག་ཅིག་གིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་ཐོག་ལན་འདེབས་ཀྱི་རྣམ་འགྱུར་གང་འདྲ་ཞིག་སྟོན་གྱི་ཡོད་དམ་ཞེས་པའི་དྲི་བར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན། རྒྱ་ནག་གཞུང་ནས་བོད་བཙན་བཟུང་བྱས་ཏེ་མི་ལོ་ལྔ་བཅུ་ལྷག་ཕྱིན་ཡོད། འོན་ཀྱང་རང་ལུས་མེར་སྲེག་གཏོང་མཁན་མང་ཆེ་བ་རྒྱ་ནག་གཞུང་ནས་བོད་བཙན་བཟུང་བྱས་རྗེས་སྐྱེས་འཚར་བ་ཞིག་རེད། དེར་བརྟེན་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་བོད་མི་ཚོས་མི་འདོད་པའི་རྣམ་འགྱུར་བསྟན་དང་སྟོན་མུས་ཡིན་པ་ཧ་ཅང་གསལ་པོ་རེད། དེ་བཞིན་བོད་རྒྱའི་དཀའ་ངལ་སེལ་ཆེད་དྲག་གནོན་དང་མཁྲེགས་འཛིན་གྱི་སྲིད་བྱུས་མ་བཟུང་བར་ཞི་བའི་ལམ་ནས་འགྲིག་ཆགས་ཡོང་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཁེ་ན་ཌའི་གཞུང་ནི་མང་གཙོ་དང་འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཤུགས་ཆེ་གནང་མཁན་ཞིག་ཡིན་སྟབས། ༸གོང་ས་མཆོག་ཁ་ན་ཌའི་ནང་ཆིབས་སྒྱུར་བསྐྱངས་སྐབས་ཁ་ན་ཌའི་སྲིད་བློན་དང་དབུ་ཁྲིད་མང་པོ་ཞིག་གིས་དགའ་བསུ་ཞུས་དང་ཞུ་མུས་རེད། དེར་བརྟེན་ཁ་ན་ཌའི་གཞུང་དང་རྒྱ་ནག་གཞུང་དབར་ཚོང་འབྲེལ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་བོད་ནང་གི་དངོས་ཡོད་གནས་སྟངས་གང་འདྲ་ཡིན་མིན་ཐོག་རྟོག་ཞིབ་གནང་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། སོགས་ཀྱི་ལན་འདེབས་གནང་འདུག་པ་བཅས། །