༢༠༡༣ ཟླ་ ༢ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་ནང་ཡོད་པའི་བོད་ཀྱི་ཚོགས་པ་(Tibetan Center)ཞེས་པ་དང་། (Bard) སློབ་གྲྭ་ཆེན་མོ་གཉིས་ཐུང་མོང་ནས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༣ ཉིན་སློབ་གྲྭ་ཆེན་མོ་དེའི་ནང་མ་འོངས་བོད་ཅེསས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པར་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་མཉམ་ཞུགས་གནང་ཡོད། བགྲོ་གླེང་ཚོགས་འདུ་དེར་གསུང་བཤད་གནང་མཁན་གྱི་གྲས་སུ་ཨ་རི་སྐུ་ཚབ་བློ་བཟང་སྙན་གྲགས་ལགས་དང་། ནིའུ་ཡོཀ་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྒྱ་རིགས་ཤཱ་མིང་། ཨ་རི་བོད་ཁང་གི་འགན་འཛིན་རོ་བྷ་ཊི་ཐར་མན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་རྡོར་ལགས་བཅས་གདན་ཞུ་གནང་ཡོད་ཅིང་། སྐུ་ཚབ་དོན་གཅོད་ཀྱིས་མ་འོངས་བོད་ཀྱི་གནས་སྟངས་འདི་ནི་བོད་མིའི་སེམས་ཤུགས་དང་། ཐག་གཅོད་ལ་རག་ལུས་པའི་སྐོར་དང་། དེ་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་དང་། རྒྱ་ནག་མི་མང་གི་རྒྱབ་སྐྱོར་ཐོབ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར། བོད་མིའི་སེམས་ཤུགས་ནི་ད་བར་བྱུང་བའི་རང་ལུས་མེར་སྲེག་གི་གནས་ཚུལ་ཐོག་ནས་གསལ་པོ་མཐོང་ཐུབ་པའི་སྐོར། མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན་དམིགས་ཡུལ་དུ་བཟུང་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ནི་བོད་རྒྱ་མི་རིགས་གཉིས་ཀར་སྨན་པའི་སྲིད་བྱུས་ཤིག་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
དུས་ཡུན་ཆུ་ཚོད་གཉིས་དང་ཕྱེད་ཀའི་བགྲོ་གླེང་ཚོགས་འདུ་དེ་ནི་ཀོ་ལིམ་སྦི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་རོ་སྦི་ནས་གཙོ་སྐྱོང་གནང་ཞིང་། བགྲོ་གླེང་ཚོགས་འདུར་(Bard)སློབ་གྲྭ་ཆེན་མོའི་དགེ་སློབ་དང་། བོད་ཀྱི་ཚོགས་པའི་ (Tibetan Center) ཚོགས་མི་བཅས་ཁྱོན་མི་གྲངས་བརྒྱ་ཙམ་མཉམ་ཞུགས་གནང་ཡོད་པ་མ་ཟད། དེ་དག་གིས་གསུང་བཤད་གནང་མཁན་ཚོའི་གཏམ་བཤད་ལ་དོ་སྣང་ཆེན་པོ་བྱས་པ་དང་ལྷན་དྲི་བ་ཡང་མང་དག་ཅིག་བཏང་ཡོད།
དེ་བཞིན་རྒྱ་རིགས་ཤེས་ཡོན་ཅན་ཤ་མིང་སོགས་གསུང་བཤད་གནང་མཁན་གཞན་ཚོས་བཀའ་མོལ་ག་རེ་གསུང་ཡོད་པ་དང་། ཚོགས་འདུར་མཉམ་ཞུགས་གནང་མཁན་ཚོས་བཏོན་པའི་དྲི་བ་ཁག་ལ་ལན་འདེབས་གང་འདྲ་གནང་ཡོད་པ་སོགས་ཚོགས་འདུ་ཚ་ཚང་གི་སྐོར་འདི་ནས་གཟིགས་ཐུབ་ཀྱི་ཡོད་འདུག་པ་བཅས། །