༢༠༡༣ ཟླ་ ༢ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །འདི་གར་བསུ་ན་མདའ་བཀྲིས་གླིང་བོད་མིའི་གཞིས་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༠ ཉིན་རྒྱ་གར་བྱང་ཤར་བསུ་ན་མདའ་བཀྲིས་གླིང་བོད་མིའི་གཞིས་ཆགས་སུ་ས་གནས་འགོ་འཛིན་ལས་ཁུངས་ནས་གོ་སྒྲིག་ཐོག་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་དང་གཏོང་མུས་ཡིན་པ་མ་ཟད། བོད་མི་མང་དག་ཅིག་རྒྱའི་བཙན་འོག་ཏུ་སྡུག་སྦྱོང་མྱོང་བཞིན་པ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཚོགས་འདུག
གོང་ཚེས་ཀྱི་ཉིན་གུང་ཆུ་ཚོད་ ༣ ནས་ ༥ བར་ཆོས་རིག་ལས་ཁུངས་ཀྱིས་གསལ་བསྒྲགས་ཕེབས་དོན་ལྟར། བསུ་ན་མདའི་ས་གནས་གཞིས་མི་མང་ཚོགས་རྣམས་ནང་ཆོས་དང་བོད་ཡིག་འཛིན་གྲྭ་ཚོགས་ཁང་དུ་མཉམ་འཛོམས་ཀྱི་ཐོག་མར་ས་གནས་འགོ་འཛིན་བསྟན་འཛིན་ཚེ་དཔག་ལགས་ཀྱིས་མཆོད་འབུལ་སྨོམ་ལམ་དགོས་དམིགས་ངོ་སྤྲོད་གནང་རྗེས་བསུ་ན་མདའ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་སུ་བོད་ནང་དུ་གཞིས་བཞུགས་སྤུན་ཟླ་སེར་སྐྱ་ཕོ་མོ་རྒན་གཞོན་བར་གསུམ་གྱིས་བོད་བསྟན་སྲིད་མི་རིགས་དང་རང་དབང་སོགས་ཀྱི་ཆེད་རྒྱ་ནག་དམར་པོའི་དྲག་གནོན་གདུག་རྩུབ་ཕུགས་ངན་སྲིད་བྱུས་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་མི་གྲངས་ ༡༠༤ ཀྱིས་གཙོས་བཙོན་ཁང་ནང་དུ་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་། སྐྱིད་སྡུག་མཉམ་མྱོང་ཞུ་ཆེད་ཛ་དྲག་མཆོད་འབུལ་དང་སྨོན་ལམ་གསུང་འདོན་སྐབས་ཆུ་ཚོད་གཉིས་རིང་མ་ཎི་གསོག་སྒྲུབ་དང་སྨོན་ལམ་འགོ་འཛུགས་ཀྱིས་གཞིས་མི་རྣམས་ནས་གཟུགས་སྔགས་ཡིག་དྲུག་ཞལ་གྲངས་ ༣༣༧༤༠༠་༠༠ གསོག་སྒྲུབ་གནད་སྨིན་ཞུས་འདུག་པ་བཅས། །