༢༠༡༣ ཟླ་ ༢ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༧ ཉིན་རྡ་ཤོད་ཀ་ཅཱ་རིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཆ་བགོས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྒྱ་གར་བྱང་ཕྱོགས་ཁུལ་གྱི་མངའ་སྡེ་དང་ས་གནས་ཁག་ཏུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྐོར་སྐྱོད་མཇུག་བསྒྲིལ་བའི་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས། སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། སྤྱི་འཐུས་གངས་ལྷ་མོ་ལགས། སྤྱི་འཐུས་རྨོག་རུ་བསྟན་པ་ལགས། རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས། རྒྱ་གར་བ་དང་བཅས་ཕྱི་ནང་གསར་འགོད་པ་ ༢༠ བརྒལ་བ་ལྷན་འཛོམས་ཐོག་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ཧིན་སྐད་དང་། སྤྱི་འཐུས་དགེ་བཤེས་སྐལ་དགྲ་འདུལ་ལགས་ཀྱིས་དབྱིན་སྐད། སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་བོད་སྐད་བཅས་ཐོག་གསར་འགོད་གསལ་བསྒྲགས་གནང་བའི་སྙིང་དོན། སྤྱི་ཡོངས་ཀྱི་བོད་ཀྱི་གནས་སྟངས་ཛ་དྲག་དེ་བཞིན་རྒྱ་གར་གྱི་དཔོན་རིགས་མང་པོ་ཞིག་བརྗེ་པོ་ཐེབས་འགྲོ་སྐབས། ཁོང་ཚོར་མཁྱེན་རྟོགས་དང་ལྷག་པར་བོད་ནང་གདུག་རྩུབ་ཇེ་ཆེར་འགྲོ་སྐབས།
བོད་མི་ཚོས་ཐབས་ཤེས་གཞན་མེད་པར་སོ་སོའི་རང་དབང་དང་༸གོང་ས་མཆོག་བོད་ལ་གདན་ཞུ་ཡོང་ཆེད་བོད་མི་བརྒྱ་ལ་ཉེ་བས་རང་ལུས་མེར་སྲེག་བཏང་སྟེ། བོད་ཀྱི་བདེན་དོན་འཐབ་རྩོད་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་གནང་སྐབས་རྒྱ་གར་མི་མང་དང་ས་གནས་དཔོན་རིགས། དེ་བཞིན་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་དེ་ང་ཚོའི་འདོད་པ་བཞིན་འགྲོ་ཐུབ་ཀྱི་མེད་པར་བརྟེན། དྲིལ་བསྒྲགས་ཀྱི་རྒྱབ་སྐྱོར་གྲོས་ཚོགས་དང་ཆབ་སྲིད་ཚོགས་པ་སོ་སོའི་གྲོས་ཚོགས་འཐུས་མི་བརྒྱུད་གཞུང་འཛིན་ཚོགས་པར་ཞུ་གཏུག་བྱེད་རྒྱུ་དང་། ལྷག་དོན་རྒྱ་གར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་དགོངས་པ་བཞེས་རྒྱུའི་ཆེད་བོད་མི་མང་སྤྱི་འཐུས་རྣམ་པ་ཚོགས་ཆུང་གསུམ་ཡོད་པའི་ནང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་མངའ་སྡེ་དགུ་དང་ས་གནས་ཆེ་བ་ཁག་བཅུ་གསུམ་ཙམ་གྱི་བློན་ཆེན་དང་འཛིན་སྐྱོང་དཔོན་རིགས། ཆབ་སྲིད་ཚོགས་པ་ཁག་གི་འགོ་ཁྲིད། གྲོས་ཚོགས་གོང་འོག་དང་ས་ཁུལ་སོ་སོའི་གྲོས་ཚོགས་འཐུས་མི་གང་མང་ཐུག་སྟེ་བོད་དོན་ཞུ་གཏུག་བྱས་ཡོད།
དེ་བཞིན་རྒྱ་གར་མི་མང་ནང་བོད་དོན་རྒྱབ་སྐྱོར་ཚད་མཐོར་གཏོང་རྒྱུ་དང་། ལྷག་པར་རྒན་རབས་པ་ཚོས་བོད་དོན་མཁྱེན་རྟོགས་ཡོད་ཀྱང་གཞོན་སྐྱེས་མཐོ་སློབ་སོགས་འགྲིམ་བཞིན་པའི་ནང་ད་དུང་མུ་མཐུད་གོ་རྟོགས་སྤེལ་དགོས་སྐོར། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་དྲི་བ་ཁག་ལ་ལན་འདེབས་གནང་སྟེ་བོད་དོན་ཞུ་གཏུག་གི་ལས་འགུལ་མཇུག་སྒྲིལ་གནང་ཡོད། ཕྱོགས་མཚུངས་དགོང་དྲོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་མཉམ་བཞུགས་ཀྱིས་བཞུགས་སྒར་མེག་ལོར་གྷན་ཇིར་མར་མེའི་ཁྲོམ་སྐོར་རྒྱ་ཆེ་ཞིག་གནང་འཆར་འདུག་པ་བཅས། །