༢༠༡༣ ཟླ་ ༢ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༡༥ ཐོག་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སྐོར་ལམ་དུ། བོད་པའི་དགེ་འདུན་པ་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་འདུག
གནས་ཚུལ་དེ་བྱུང་མ་ཐག་བལ་ཡུལ་ཉེན་རྟོག་པ་མང་པོ་སླེབས་ནས་མེ་གསོད་ཐབས་བྱས་ཏེ་སྨན་ཁང་དུ་འཁྲིད་ཡོད་ཀྱང་། ཉེ་འཁོར་གྱི་མི་མང་ཚོས་བརྗོད་པ་ལྟར་ན། དགེ་འདུན་པ་ཁོང་མེ་འབར་ཤུགས་ཆེ་བར་གཞིགས་ན་འདས་གྲོངས་སུ་གྱུར་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་འདུག་པ་ཙམ་ལས་ཁོང་གི་མཚན་དང་ལོ། ས་ཆ་གང་ནས་ཡིན་པ་སོགས་ཁུངས་ལྡན་གྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
ཁོང་གིས་རང་ལུས་མེར་སྲེག་གཏོང་སྐབས་༼༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག༽ཅེས་སྐད་འབོད་གནང་ཡོད་འདུག བལ་ཡུལ་མཆོད་འབྱོར་ཉེན་རྟོག་དཔོན་ (Keshav Adhikari) ལགས་ཀྱིས་བརྗོད་པ་ལྟར་ན། དགེ་འདུན་པ་དེས་རང་ལུས་མེར་སྲེག་བཏང་བ་མཐོང་མ་ཐག ཉེན་རྟོག་པ་ཚོས་མེ་བསད་དེ་ (Tribhuwan University Teaching Hospital) ཞེས་པའི་སྨན་ཁང་དུ་འཁྲིད་ཡོད་པ་དང་། ཁོང་ད་ལྟ་ལོ་ ༢༡ ཙམ་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་པ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་བཅས། །