༢༠༡༣ ཟླ་ ༡ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༠ ཉིན་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝར་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པས་སྤོས་སྣེས་སྔོན་བསུས་ཏེ་དུས་འཁོར་ལྷ་ཁང་དུ་གདན་ཞུས་ཀྱི་སྒྲུབ་གཞག་སྔོན་དུ་མཛད་རྗེས་ཆུ་ཚོད་ ༩ ཐོག་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་གྲུབ་མཚམས་ཤྲི་རི་ལངྒའི་དགེ་འདུན་པ་ཁག་གཅིག་ནས་པ་ལིའི་སྐད་དུ་བཀྲ་ཤིས་པའི་མདོ་དང་ར་ཤི་ཡ་ཁག་གཅིག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་མང་ཇའི་སྦྱིན་བདག་རྣམས་ལ་མཇལ་ཁ་སྩལ་གྲུབ་བསྟུན་སྔོན་འགྲོའི་ཆོས་འབྲེལ་གྱི་བཀའ་སློབ་ཕེབས་དོན།
དེ་རིང་གནས་མཆོག་ཝ་ར་ཎཱ་སིར་ཆོས་འབྲེལ་བྱེད་རྒྱུ་ཉིན་མཐའ་མ་ལེགས་པར་གྲུབ་ཀྱི་ཡོད། མཁས་མཆོག་དབྱིན་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་དེ། ལུང་དང་རྟོགས་པའི་བདག་ཉིད་དོ། དེ་འཛིན་བྱེད་པ་སྨྲ་བྱེད་པ། སྒྲུབ་པ་བྱེད་པ་ཁོ་ན་ཡིན། ཞེས་སངས་རྒྱས་བསྟན་པ་རྒྱས་པར་ཤོག་ཟེར་རྒྱུ་དེ་ལུང་རྟོགས་ཀྱི་བསྟན་པ་གཉིས་ཡོད། དེ་ལྟ་བུའི་ལུང་རྟོགས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ། ཐབས་གང་གི་བྱེད་དགོས་ཟེར་ན། བཤད་པ་དང་སྒྲུབ་པའི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས། དགོན་པ་དང་ལྷ་སྐུ་ཆེན་པོ་བཞེངས་པས་རྩ་བའི་བསོད་ནམས་ཅུང་གསོག་གི་ཡོད་ཀྱང་བསྟན་པ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་གྱི་བསྟན་པའི་ཞབས་འདེགས་སྒྲུབ་ཟེར་བ་ནོར་འཁྲུལ་ཡིན། དགོན་པ་གཙུག་ལག་ཁང་དེ་ཚོའི་ནང་སངས་རྒྱས་ཀྱི་ཆོས་བཀའ་འགྱུར་དང་བསྟན་འགྱུར་དེ་དག་འཆད་ཉན་གྱི་སློབ་སྦྱོང་བྱེད་མཁན་དགོས་རྒྱུ་གལ་ཆེན་པོ་ཡིན། ཞེས་སོགས་བཀའ་སློབ་ཕེབས་རྗེས་ཆོས་ཞུ་བ་ཁྱིམ་པ་ཕོ་མོ་རྣམས་ལ་དགེ་བསྙེན་སྡོམ་པ་བོགས་ཆོག་དང་སྨོན་སེམས་ཀྱི་ཆོ་གའི་སྒོ་ནས་སྤྱོད་འཇུག་གི་ཡན་ལག་བདུན་པ་གསུང་གནང་མུར་དཀྱིལ་འཁོར་གྱི་སྣ་ཚོགས་རྗེས་སུ་བཟུང་བའི་ཐོག་བྱ་རྒྱུད་པདྨ་རིགས་ཀྱི་འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་དབང་ཆེན་སྩལ། དེ་ནས་བརྟན་བཞུགས་ཀྱི་ཐོག་མར་དབུ་བཞུགས་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་མཇལ་དར་རྐྱང་འབུལ་རྗེས་ཞལ་འདོན་གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ་གསུང་འདོན་བཞིན་འབྲས་སིལ་འབུལ་ལམ་ཞུས།
དེ་རྗེས་པཎ་གྲུབ་བཅུ་བདུན་དང་རྒྱལ་བའི་འཁྲུངས་རབས་གསོལ་འདེབས་གསུང་འདོན་བཞིན་གཏང་རག་མཎྜལ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་འདེགས་འབུལ་ཞུས་རྗེས་༸རྒྱལ་བའི་ཞབས་བརྟན་གསུང་འདོན་བཞིན་འབུལ་དངོས་རྣམས་སྤྱན་བསྟར་འབུལ་ཞུས། དེ་མཚམས་ཞལ་འདོན་ཉི་གཞོན་འཆར་ཀ་མ་དང་རིས་མེད་བསྟན་རྒྱས་སྨོན་ལམ། བསྟན་འབར་མ། མཆོག་གསུམ་ཤིས་བརྗོད། བདེན་ཚིག་སྨོན་ལམ་བཅས་གསུང་འདོན་གྱིས་མདོ་ལུགས་བརྟན་བཞུགས་ལེགས་པར་གྲུབ། ཕྱི་དྲོ་སྤྱོད་འཇུག་གི་ཆོས་འབྲེལ་འཕྲོས་སྐྱོང་གི་མཇུག་སྒྲིལ་གྲུབ་མཚམས་ཆོས་ཞུ་བ་ཚོས་བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བར་ཁས་ལེན་བཞིན་ཉིན་རེ་བཞིན་སེམས་ལ་བསྒོམ་རྒྱུ་གལ་ཆེ་སྐོར་དང་། དེ་བཞིན་གསུང་ཆོས་འདིའི་དགེ་བ་བསྔོ་བའི་ཐོག་ལ་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། ད་ཐེངས་སྤྱོད་འཇུག་གཙོ་བོར་བྱས་པའི་ཆོས་འཆད་ཉན་གྱི་དགེ་བའི་རྩ་བ་འདིས་སྤྱིར་སངས་རྒྱས་ཀྱི་བསྟན་རྒྱས་པ་དང་འགྲོ་བ་བདེ་བ། ཡང་སྒོས་བོད་གངས་ཅན་གྱི་བསྟན་པ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་ཐུབ་རྒྱུ་དང་། ཚད་མེད་ཡོན་ཏན་ནང་ཡོད་པ་བཞིན། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། གངས་ཅན་ལྗོངས་ལ་རྒྱ་ཆེའི་མི་མང་ལྷག་བསམ་གཡོ་བ་མེད་པར་དཀའ་ངལ་མང་པོ་ཁྱད་དུ་བསད་ཏེ་བསྡད་ཡོད། དེ་དག་གི་ཇི་ལྟར་སྨོན་པ་ལྟར། འཕགས་པ་ཐུགས་རྗེ་ཆེན་པོའི་གངས་ལྗོངས་གདུལ་ཞིང་དུ་བཟུང་སྟེ་ཐུགས་བསྐྱེད་སྨོན་ལམ་ཇི་ལྟར་མཛད་པ་བཞིན་བདེ་བླག་ཏུ་འགྲུབ་པའི་ཚང་མས་སྨོན་ལམ་རྒྱག་དགོས། བཀྲིས་བདེ་ལེགས། ཡང་ང་ཚོ་རྗེས་སུ་ཐུག་གི་རེད། ཅེས་བཀའ་སློབ་ཕེབས་རྗེས་གསུང་ཆོས་ཀྱི་རྩིས་ཁྲ་སྒྲོགས་སྦྱང་གི་ཉིན་བཞིའི་གསུང་ཆོས་མཇུག་སྒྲིལ་མཛད་ཡོད།
དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཕྱི་ཚེས་ ༡༡ ཉིན་ཝར་ཎཱ་སློབ་གཉེར་ཁང་གི་ཞི་བ་འཚོའི་དཔེ་མཛོད་མདུན་དུ་དགེ་ལས་སློབ་ཕྲུག་ལ་བླང་དོར་བཀའ་སློབ་དང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཝར་ཎཱ་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་དགོན་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ལེགས་གྲུབ་ཟིན་པའི་མཛད་སྒོར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་པ་བཅས། །