༢༠༡༣ ཟླ་ ༡ ཚེས་ ༤ རེས་གཟའ་པ་སངས།
༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཚེས་ ༥ ཉིན་ཡུ་རོབ་སྤྱི་འཐུས་རྣམ་གཉིས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ཞུ་སྙན་དང་མཚན་རྟགས་བསྡུ་རུབ་ཞུས་པ་རྣམས་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་གཙོ་འཛིན་དང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོར་འབུལ་ཆེད་མཇལ་འཕྲད་དུས་ཚོད་བཟོ་དགོས་བཀའ་ཕེབས་ལྟར། འདི་གའི་ལས་བྱེད་བསམ་འཕེལ་ལགས་ཀྱིས་འབྲེལ་ཡོད་སོ་སོར་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་གནང་མུས་དང་། གོང་འཁོད་མི་སྣ་མཇལ་འཕྲད་སླད་རྒྱལ་ཚོགས་ལས་ཁུངས་ནང་འཛུལ་ཆོག་པའི་ཆོག་མཆན་ཡིག་ཆ་ཞུ་དགོས་སོགས་དམ་དོན་གྱིས་འབྲེལ་ཡོད་ལས་ཁུངས་སུ་ངོ་བཅར་ཞུས་ཡོད།
ཕྱི་ཚེས་ ༦ ཉིན་ཁེ་ན་ཌ་གཞུང་ཚབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སློབ་སྟོན་གྲས་པ་ལྕམ་སྐུ་(Anne Tamara)མཆོག་སྐུ་ཚབ་དོན་གཅོད་དང་འབྲེལ་ཡོད་ལས་བྱེད་བསྟན་འཛིན་བསམ་འཕེལ་གཉིས་ཐུག་འཕྲད་ཀྱིས་འབྱུང་འགྱུར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༢༢ སྐབས་བོད་དོན་ཐད་འདི་ལས་ཀྱི་ལས་འཆར་དང་ཀིརྟི་ཆེན་པོ་ཆེ་མཆོག་གི་ཇི་ནི་ཝར་ལས་འཆར་སོགས་ཀྱི་སྐོར་གོ་བསྡུར་དང་ལམ་སྟོན་ཞུས།
ཕྱི་ཚེས་ ༡༠ ཉིན་ཕྱོགས་བཞུགས་ཡུ་རོབ་སྤྱི་འཐུས་རྣམ་གཉིས་ནས་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་ཨེ་ཤི་ཡའི་སྡེ་ཚན་གྱི་ལས་བྱེད་ལྕམ་སྐུ་ (Christine Chung) ལགས་ཀྱི་ལས་ཁུངས་ཀྱི་དོ་དམ་ལྕམ་སྐུ་(Azwa Petra)ལགས་མཇལ་འཕྲད་དང་། ཉིན་རྒྱབ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་(Laura Dupuy Lassrre)མཇལ་འཕྲད་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ཞུ་སྙན་དང་རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་ཞུས་པ་རྣམས་འབུལ་ལམ་ཞུས་ཡོད་པ་མ་ཟད། ཕྱི་ཚེས་ ༡༢ ཉིན་སུད་སི་ཕྱི་སྲིད་ལས་ཁུངས་ལ་བོད་ནང་གི་ཛ་དྲག་གནས་ཚུལ་དང་ལྷག་པར་རང་ལུས་མེར་སྲེག་སྐོར་སྙན་སེང་ཞུས་ཡོད། དེ་བཞིན་ཉེ་ཆར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་གྲོས་ཆོད་དང་རྗེས་ལོ་ཕྱི་ཟླ་ ༤ ནང་༸གོང་ས་མཆོག་གི་ཆིབས་སྒྱུར་དང་འབྲེལ་བའི་སྐོར་སྙན་སེང་ཞུས།
ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་བྱམས་པ་ལགས་དང་། སྦར་སེར་ཡོད་པའི་ཁོང་ཚོའི་ལས་བྱེད་སྐུ་ཞབས་(Vincent Metten)ལགས་སུ་རྗེས་ལོ་ཕྱི་ཟླ་ ༣ ནང་ཀིརྟི་ཆེན་པོ་ཆེ་མཆོག་གི་ཇི་ནི་ཝར་ལས་འཆར་བང་སྒྲིག་ཕྱོགས་ཐད་ཁ་པར་ཐོག་གོ་བསྡུར་ཞུས།
ཕྱི་ཚེས་ ༡༧ ཉིན་རྒྱབ་གཞུང་འབྲེལ་མིན་པའི་ཚོགས་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པའི་འགན་འཛིན་ལྕམ་སྐུ་ལགས་ཐུག་འཕྲད་ཀྱིས་འབྱུང་འགྱུར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༢༢ སྐབས་བོད་དོན་ཐད་ཚོགས་འདུ་ཟུར་དུ་གོ་སྒྲིག་དང་ཀིརྟི་རིན་པོ་ཆེ་མཆོག་ས་གནས་སུ་ཕེབས་སྐབས་མི་སྣ་མཇལ་འཕྲད་དང་ཚོགས་བཅར་གནང་ཕྱོགས་ཐད་ལས་འཆར་བང་སྒྲིག་སླད་གོ་བསྡུར་ཞུས།
ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་མེག་སི་ཀོ་གཞུང་ཚབ་ཀྱི་དྲུང་ཆེ་ལྕམ་སྐུ་(Sofia Lascurain Sanchez Tagle)ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་ཚུལ་མཐའ་དག་སྙན་སེང་ཞུས་ཞིང་། འབྱུང་འགྱུར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༢༢ སྐབས་(GRULAC)རྒྱལ་ཁབ་ནས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ཐབས་ཇི་བྱེད་ལམ་སྟོན་ཞུས་པ་དང། (Ecuador ནི་ GRULAC)རྒྱལ་ཁབ་ཀྱི་ཚོགས་གཙོ་ཡིན་སྟབས། གང་མགྱོགས་འབྲེལ་བ་ཞུས་ནས་བོད་དོན་ཐོག་གཏམ་བཤད་གནང་ཐབས་ཡོང་བ་འབད་བརྩོན་ཞུ་རྒྱུ་ཡིན། ཕྱི་ཚེས་ ༡༧ ཉིན་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་བལ་ཡུལ་གནད་དོན་འགན་ཁུར་བར་ཉེ་ཆར་སྐུ་ཚབ་དོན་གཅོད་བལ་ཡུལ་དུ་ཕྱིན་པའི་ལས་དོན་སྐོར་དང་། བལ་ཡུལ་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག རྒྱལ་ཚོགས་སྐྱབས་བཅོལ་སྡེ་ཚན། སྣེ་ལེན་ཁང་བཅས་ཀྱི་ལས་བྱེད་ཐུག་འཕྲད་སྐབས་བཀའ་མོལ་ཇི་བྱུང་སྙན་སེང་ཞུས། གནད་དོན་གཙོ་བོ་བལ་ཡུལ་ནང་ཡོད་པའི་བོད་མིར་བལ་གཞུང་ནས་སྐྱབས་བཅོལ་ལག་འཁྱེར་སྤྲོད་ཀྱི་མེད་པའི་གནས་སྟངས་ཐད་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ནས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་བཅས། །