༢༠༡༣ ཟླ་ ༡ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །འདི་གར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་བོད་མིའི་གདུང་སེམས་མཉམ་སྐྱེའི་གསར་འགོད་ཚོགས་ཆུང་གི་ཚོགས་མི་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༢ བར་ཉིན་བཞིའི་རིང་ལྡི་ལིར་བོད་མིའི་གདུང་སེམས་མཉམ་སྐྱེའི་གཞི་རྒྱ་ཆེ་བའི་ལས་འགུལ་གྲ་སྒྲིག་གནང་བཞིན་ཡོད་པ་དང། ས་གནས་ཁག་ནས་མི་མང་གང་མང་ལྡི་ལིར་འབྱོར་བཞིན་ཡོད།
དེ་ཡང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པ་ཚོགས་གནང་བའི་གྲུབ་དོན་སྙན་ཐོའི་དགོངས་དོན་ལ་བཀའ་སྤྱི་ལྷན་རྒྱས་ནས་བཀའ་བསྡུར་ཐག་གཅོད་གནང་དོན་ལྟར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་གདུང་སེམས་མཉམ་སྐྱེའི་ལས་འགུལ་ཆེན་མོ་སྤེལ་རྒྱུའི་སྔོན་འགྲོའི་གྲ་སྒྲིག་འཐུས་སྒོ་ཚང་བ་གང་ལེགས་འབྱུང་བཞིན་ཡོད། བོད་མིའི་གདུང་སེམས་སྐྱེའི་ལས་འགུལ་གྱི་སྤྱི་ཁྱབ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང། ཚོགས་མི་སྤྱི་ལྷན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་བཅས་ཀྱིས་སྤྱི་ཁྱབ་བཀོད་འདོམས་འོག་གཤམ་འོག་ཏུ་རྒྱ་གར་དབུ་ཁྲིད་རྣམ་པ་གདན་ཞུའི་ཚོགས་ཆུང་དང། ཕྱི་རྒྱལ་གཞུང་ཚབ་ཁག་ལ་མཇལ་འཕྲད་ཚོགས་ཆུང། མི་མང་ལ་ལམ་སྟོན་ཚོགས་ཆུང་། བཞུགས་གནས་གོ་སྒྲིག་ཚོགས་ཆུང་། ཚོགས་ཡུལ་གོ་སྒྲིག་ཚོགས་ཆུང་། འཕྲོད་བསྟེན་ཚོགས་ཆུང་། གསར་འགོད་ཚོགས་ཆུང་། ཆུ་དང་གསོལ་ཇ་འབུལ་མཁན་ཚོགས་ཆུང་། བདེ་འཇགས་འགན་ཁུར་ཚོགས་ཆུང་བཅས་སུ་བཀའ་བློན་རྣམ་པ་དང། སྤྱི་འཐུས་རྣམ་པ། ས་འཐུས་དང་ས་གནས་འགོ་འཛིན། རང་ཚོགས་འཐུས་མི། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་བཅས་མི་གྲངས་༡༣༩ ལྷག་ཚོགས་ཆུང་ཁག་ཏུ་ཆ་བགོས་གནང་སྟེ། ཚོགས་ཆུང་ཁག་གཅིག་གིས་ཕྱི་ཟླ་ ༡ ཚེས་ ༧ ཙམ་ནས་བཟུང་ལས་དོན་དངོས་སུ་འགོ་འཛུགས་ཀྱིས་ད་བར་སྔོན་འགྲོའི་ལས་དོན་ཁག་གྲ་སྒྲིག་གི་འགན་ཁུར་གནང་བཞིན་ཡོད། ཕྱི་ཟླ་ ༡ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྤྱི་ཁྱབ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་སྤྱི་ཡོངས་ཀྱི་ལས་དོན་གོ་སྒྲིག་ཐད་བསྐྱར་ཞིབ་གོ་བསྡུར་དང། གཞན་ཡང་ལས་དོན་བྱེད་ཕྱོགས་སྐོར་ལ་གོ་བསྡུར་ཞིབ་ལྷུག་གནང་ཡོད།
ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་ལྡི་ལི་བོད་སྒར་གླིང་ཉིན་སློབ་ཏུ་སྤྱི་ཁྱབ་ཚོགས་ཆུང་གིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་ས་འཐུས་ཚོགས་གཙོ་དང། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་སུ་སྤྱི་ཡོངས་ལས་འགུལ་སྐབས། རང་ཁོངས་མི་མང་རྣམས་ལ་སྣེ་ཁྲིད་གནང་ཕྱོགས་ལམ་སྟོན་དོན་ཚན་བཅུ་གསུམ་ཅན་ཞིག་འགྲེམས་སྤེལ་དང། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཡིག་ཆ་དེ་དང་འབྲེལ་བའི་ལམ་སྟོན་བཀའ་སློབ། ལས་འགུལ་ཉིན་བཞིའི་རིང་མཛད་རིམ་ཁག་ངོ་སྤྲོད་སོགས་གནང་སྟེ་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་གནང་ཡོད།
ད་ཐེངས་ཀྱི་ལས་འགུལ་འདིའི་ནང་རྒྱ་བལ་འབྲུག་གསུམ་བཅས་ཕྱོགས་མཐའ་ཁག་ནས་མི་མང་གང་མང་ལྡི་ལིར་འབྱོར་བཞིན་ཡོད་པ་མ་ཟད། རྒྱ་གར་མི་མང་ཡང་གང་མང་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་རྣམས་ས་གནས་ཁག་ལྔ་རུ་བཞུགས་གནས་གོ་སྒྲིག་གནང་ཡོད་པ་བཅས། །