༢༠༡༣ ཟླ་ ༡ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བྱང་ཕྱོགས་ཞུ་གཏུག་ལས་འགུལ་ཚོགས་ཆུང་གནས་མཆོག་ཝ་རཱ་ཎཱ་སིར་འབྱོར་རྗེས། བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ཝར་ཎཱའི་ས་རཱ་ན་ཐའི་བོད་དགོན་པར་བཞུགས་པའི་གདན་ས་གསུམ་གྱི་དགེ་འདུན་པས་བླ་མ་མཆོད་པ་དང་འབྲེལ་བའི་ཚོགས་མཆོད་གྱི་སྒོ་ནས་མཆོད་འབུལ་སྨོན་ལམ་གནང་།
དེ་ནས་ས་གནས་དཔོན་རིགས་ཁག་གཅིག་ལ་ཞུ་གཏུག་གི་སྙན་ཞུ་སོགས་ཕུལ་ཏེ་བོད་ནང་གི་ཛ་དྲག་དཀའ་ངལ་སྐོར་ཞུས་ཡོད། ཉིན་རྒྱབ་ཆུ་ཚོད་དང་པོའི་སྟེང་ཝར་ཎཱ་གྲོང་ཁྱེར་ནང་ཡོད་པའི་གསར་འགོད་ལྷན་ཚོགས་ཀྱི་ལྟེ་གནས་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་ཀྱི་གནས་བབ་སྐོར་ངོ་སྤྲོད་གསལ་བཤད་གནང་བ་མ་ཟད། གསར་འགོད་པའི་དྲི་བར་ལན་འདེབས་གནང་སྟེ་གསར་འགོད་ལྷན་ཚོགས་གྲོལ་མཚམས་ཞུ་གཏུག་ལས་འགུལ་བ་རྣམས་(Allahabad) གྲོང་ཁྱེར་ཨེ་ལ་བྷ་ཌེ་ཕྱོགས་ལ་བསྐྱོད་ཡོད་པ་བཅས། །