༢༠༡༣ ཟླ་ ༡ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་གཏན་ཉིན་སློབ་གྲྭ་ཁག་གི་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོ་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་པའི་མཛད་སྒོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན།
ད་ལྟའི་བོད་མིའི་ཤེས་ཡོན་སྤྱི་ཡོངས་ཀྱི་གནས་སྟངས་སྐོར་མདོར་ཙམ་ཞུས་ན། ཤེས་ཡོན་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་དམིགས་ཡུལ་དང་རེ་བ་ཁག་ལ་འབད་བརྩོན་བྱ་རྒྱུའི་དོན་ཚན་ཁག་ངོ་སྤྲོད་ཞུ་རྒྱུ་ཡིན། དགེ་རྒན་ནི་ཟམ་པ་ལྟ་བུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང། འཛིན་སྐྱོང་ངོས་ནས་མཐུན་འགྱུར་མཁོ་སྒྲུབ་བྱ་རྒྱུ་ཡིན། དགེ་རྒན་འཛིན་གྲྭའི་ནང་ཕེབས་ཚར་བའི་རྗེས་ལ་ཟམ་པའི་ཕར་ཁར་ཡོད་པའི་ཕྲུ་གུ་རྣམས་ཟམ་པའི་ཚུར་ཁར་ཁྲིད་རྒྱུའི་འགན་གཙོ་བོ་ཆགས་ཡོད།
ཕྱོགས་མཚུངས་ཕྲུ་གུའི་ནང་མི་དང་ཕ་མ་སྤུན་མཆེད་སོགས་ལའང་འགན་ཡོད། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་ཟེར་བ་དེ་ལོ་གཅིག་གཉིས་སྐད་ཆ་ལྟ་བུ་མིན་པར་མཛུབ་མོ་ལྔ་ལྟར། འཛིན་སྐྱོང་དང་འགན་འཛིན། དགེ་རྒན། ཕྲུ་གུ ཕ་མ་སྤུན་མཆེད་སོགས་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་བ་ཡིན་ན། ཤེས་ཡོན་ཡར་རྒྱས་འགྲོ་ངེས་ཡིན། དེ་འདྲ་མིན་པར་མཛུབ་མོ་གཅིག་གིས་འཐུས་ཤོར་བ་ཡིན་ན། ཤེས་ཡོན་ཉམས་ཆགས་འགྲོ་རྒྱུ་ཡིན། དེར་བརྟེན་དམིགས་བསལ་དགེ་རྒན་ཚོར་ལས་འགན་ཧ་ཅང་ཆེན་པོ་ཡོད། ང་རང་སྲིད་སྐྱོང་ཐོག་མར་འདེམས་འཐོན་རྗེས་༸གོང་ས་མཆོག་ལ་གཟིམ་ཆུང་དུ་མཇལ་བཅར་སྐབས་བཀའ་སློབ་སྩལ་བའི་ནང་གཙོ་བོ་གཅིག་བཀའ་འདི་ལྟར་སྩལ་བྱུང་།
ངོས་རང་རྒྱ་གར་བྱང་ཤར་ཁུལ་དུ་སྐྱོད་སྐབས་རྒྱ་གར་བའི་སློབ་ཕྲུག་རྣམས་ལ་ངོས་ཀྱི་གཏམ་བཤད་རྗེས་ངོས་ལ་དྲི་བ་གཏོང་མཁན་ཚང་ཁ་ཤིག་ཤིག་རེད། འོན་ཀྱང་ངོས་ཀྱིས་བོད་ཕྲུག་ཚོར་གཏམ་བཤད་རྗེས་དྲི་བ་གཏོང་མཁན་ལྟ་ཞོག་གདོང་ཡང་ཡར་བཀྱག་གི་མི་འདུག ང་ཚོ་ལོ་ལྔ་བཅུ་ཕྱིན་པའི་རྗེས་ལ་ག་རེ་བྱས་པ་རེད། ཅེས་བཀའ་སློབ་ཕེབས་བྱུང། དེ་ནས་རིམ་པས་ལྡི་ལི་དོན་གཅོད་ཁང་ལ་བོད་པའི་སློབ་སྤྱི་རྣམ་པ་འབོད་ནས་ང་རང་སྲིད་སྐྱོང་དམ་འབུལ་རྗེས་ཤེས་ཡོན་གྱི་ཚོགས་བསྡུ་དང་པོ་དེ་བསྐོངས་བ་ཡིན། དེ་རྗེས་སློབ་གྲྭའི་འགན་འཛིན་ཁག་གི་ཚོགས་འདུ་ཞིག་བསྡུ་བསྐོང་བྱས་པ་ཡིན། ཚོགས་འདུ་འདི་རིགས་ཀྱི་ཕན་ཐོགས་དང་གལ་གནད་ཧ་ཅང་ཡོད་པའི་དངོས་ཡོད་གནས་ཚུལ་གཞིར་བཞག་ཐོག་ཐེངས་འདིར་བོད་རིགས་དགེ་རྒན་གྱི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་བ་ཞིག་ཆགས་ཡོད། དེར་བརྟེན་འདིར་འཁོད་རྒན་ལགས་ཚོས་ཀྱང་དགོངས་འཆར་རྣམས་འཛེམས་མེད་ཀྱིས་ཕྱི་གསལ་ནང་གསལ་ཐོག་ནས་འདིར་སྤུང་ཐུབ་པ་ཡིན་ན། ཤེས་རིག་ལས་ཁུངས་ཐོག་ནས་གང་གནང་དགོས་མིན་གསུང་པ་དང་སྦྲགས། ང་ཚོས་ངོས་ནས་ཀྱང་གནང་ཐུབ་པ་དེ་འབད་བརྩོན་གང་ཐུབ་ཞུ་རྒྱུ་ཡིན། ཞེས་གསུངས།
གཞན་ཡང་སྲིད་སྐྱོང་མཆོག་གིས་མུ་མཐུད་གསུང་དོན། གཞིས་རྩའི་བོད་སློབ་འཛིན་ཚོགས་ཚུར་བླངས་པའི་རྗེས་ལ་ཇི་འདྲ་ཆགས་མིན་ཚོད་དཔག་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། འོན་ཀྱང་བོད་སློབ་འཛིན་ཚོགས་ཚུར་རྩིས་བླངས་པའི་རྗེས་ཡར་རྒྱས་འགྲོ་རྒྱུའི་རེ་བ་དང་འབད་བརྩོན་ཞུ་རྒྱུ་ཡིན། བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཨ་པུརྦ་ཅན་དྲ་ (Apurva Chandra) ཁོང་དང་ང་རང་འདྲིས་པོ་ཡོད། ད་ལྟའི་ཆར་རྒྱ་གར་ཤེས་རིག་ལས་ཁུངས་གི་དྲུང་ཆེ་དང་སྐུ་ཞབས་ཀ་པིལ་སི་བྷལ་མཆོག (Kapil Sibal) དེ་བཞིན་ཉེ་ལམ་རྒྱ་གར་གྱི་བློན་ཆེན་གསར་པ་སྐུ་ཞབས་རཱ་ཇུ་ (Raju)མཆོག་དང་མཇལ་བ་མ་ཟད། བློན་ཆེན་གཞོན་པ་སྐུ་ཞབས་ཤ་ཤི་ཐ་རུར་ (Shashi Tharoor)མཆོག་སོགས་དང་མཇལ་སྐབས་ཚང་མས་རྒྱབ་སྐྱོར་གནང་བྱུང། མཐའ་མ་དེར་ང་ཚོའི་བོད་སློབ་འཛིན་ཚོགས་རྩིས་ལེན་རྒྱུའི་འཆར་གཞི་འཁོད་པའི་ཡིག་ཆ་དེ་རྒྱ་གར་གཞུང་གི་འཛིན་སྐྱོང་བཀའ་ཤག་ནང་སྙན་སྒྲོན་ཞུ་དགོས།
དེར་བརྟེན་ཤེས་རིག་ལས་ཁུངས་ནས་གང་ཐུབ་འབད་བརྩོན་ཞུས་ཡོད། སློབ་གྲྭ་ཚུར་རྩིས་ལེན་རྒྱུའི་འཆར་གཞི་ཕུལ། ཕུལ་བ་བཞིན་དེར་རྒྱབ་སྐྱོར་གནང་རྒྱུའི་གནད་ཡོད་མི་སྣ་ཚོས་ཞལ་བཞེས་གནང་རྗེས་ད་ཆ་བཀའ་ཤག་ནང་བསླེབས་ཡོད། རྒྱ་གར་གཞུང་གི་འཛིན་སྐྱོང་བཀའ་ཤག་ནང་གནད་དོན་མང་པོར་གཟིགས་ཏེ་ཐག་གཅོད་གནང་དགོས་པ་ཆགས་ཡོད། བོད་སློབ་འཛིན་ཚོགས་ང་ཚོས་རྩིས་བླངས་རྗེས་སུའང་རྒྱ་གར་གཞུང་གིས་ལོ་ལྟར་ཧིན་སྒོར་ས་ཡ་བཞི་བཅུ་ཞེ་གྲངས་གནང་མུས་ཡིན་པ་དེར་འགྱུར་བ་གང་ཡང་མེད་པར་མུ་མཐུད་གནང་རྒྱུ་ཡིན་པ་མ་ཟད། དེ་སྔའི་འཆར་གཞི་ནང་རྒྱ་གར་གཞུང་གིས་རོགས་རམ་མུ་མཐུད་གནང་རོགས་ཞེས་ཨིན་སྐད་ཐོག་ (In perpetuity) བྲིས་ཡོད། སྔན་མ་འཆར་གཞི་ཁག་འགའ་ཤས་ཡོད་ས་རེད། འོན་ཀྱང་འཆར་གཞི་དེ་དག་ཞིབ་ཕྲ་ལྟ་ཁོམ་བྱུང་མེད། དེ་སྔའི་འཆར་གཞིའི་ནང་ལོ་རེར་བོད་སློབ་འཛིན་ཚོགས་ལ་རྒྱ་གར་གཞུང་གི་རོགས་དངུལ་ནང་བརྒྱ་ཆ་བཅུ་བཅུ་བཅག་ནས་ལོ་བཅུའི་མཚམས་སུ་རང་ཁ་རང་གསོ་བྱས་ཏེ་དགེ་རྒན་གླ་ཕོགས་དང་མཐུན་འགྱུར་ཚང་མ་ང་ཚོ་རང་གིས་བྱ་རྒྱུ་ཡིན་ཞེས་འཆར་གཞི་ནང་འཁོད་ཡོད་འདུག འོན་ཀྱང་ང་ཚོས་ཐེངས་འདིར་འདི་འདྲ་ཞུས་མེད།
ང་ཚོས་འཆར་གཞིའི་ནང་རྒྱ་གར་གཞུང་ནས་བོད་སློབ་འཛིན་ཚོགས་རྩིས་སྤྲོད་རྗེས་ང་ཚོར་ཤེས་ཡོན་ཐོག་རྒྱབ་སྐྱོར་རོགས་དངུལ་ཇི་ཙམ་གནང་ཡང་གནང་རོགས་གནང། དེའི་སྟེང་ཞབས་ལོའི་འཕར་ཆ་ (Increment) བརྒྱ་ཆ་ལྔ་ལྔ་སྤར་རོགས་ཞེས་ཞུས་པ་བཞིན་ཞལ་བཞེས་གནང་ཡོད། དེར་བརྟེན་སློབ་གྲྭ་ཚུར་རྩིས་ལེན་རྗེས་སུའང་དགེ་རྒན༌ཕོགས་ཀྱིས་གཙོས་ཐོབ་ཐང་ལ་འགྱུར་བ་གང་ཡང་མེད་པར་གན་རྒྱའི་ནང་གང་འཁོད་ལག་བསྟར་བྱ་རྒྱུ་རེད།
འོན་ཀྱང་ཞུ་དགོས་པ་གཅིག་ལ་ཆོད་འགན་དང་མ་མ་སོགས་བོད་སློབ་འཛིན་སྐྱོང་ཚོགས་པའི་འགྲོ་སྟངས་ལ། ལོ་རེར་བདམས་ནས་ལོ་ལྟར་ཆོད་གན་འཕར་འགྱངས་བྱ་དགོས་པ་གཅིག་འདུག ཡང་ཕྱོགས་གཅིག་ནས་བོད་སློབ་འཛིན་ཚོགས་ནང་ལས་ཀ་བྱེད་མཁན་བོད་དགེ་མང་ཆེ་བ་ཆོད་འགན་ཡིན་སྐབས། བོད་པའི་དགེ་རྒན་ཆོད་གན་ཡོད་པ་ཆོད་གན་གཞིར་བཟུང་མ་གཏོགས་གཏན་འཇགས་ཆགས་ཀྱི་མེད་པ་རེད། དེར་བརྟེན་ལོ་རེ་མིན་པར་ལོ་ལྔ་རེའི་མཚམས་སུ་ཆོད་གན་འཕར་འགྱངས་བྱ་རྒྱུའི་འབོད་སྐུལ་ལྟར་ཕལ་ཆེར་ཞལ་བཞེས་ཐོབ་ཡོད། གང་ཡིན་བརྗོད་ན་ལོ་རེའི་ནང་ཆོད་གན་འཕར་འགྱངས་བྱེད་དགོས་སྟབས་ཆོད་གན་འཕར་འགྱངས་ཆེད་འགྲོ་ལུགས་ལྟར་ཟླ་བ་གཉིས་གསུམ་རིང་ཕོགས་མེད་པར་ལུས་པ་སོགས་ཀྱི་དཀའ་ངལ་ཡོད་སྐོར་ཞུས་རྗེས་ལོ་ལྔའི་རིང་ཆོད་གན་འཕར་འགྱངས་ཞུས་ཡོད། ཅེས་གསུངས།
གཞན་ཡང་སྲིད་སྐྱོང་མཆོག་གིས་སློབ་གྲྭ་ཁག་གི་ནང་ཡར་རྒྱས་གཏོང་ཕྱོགས་ཐད་གསུང་དོན། སློབ་གྲྭ་ཁག་གི་ནང་ཕྲུ་གུའི་ཤེས་ཡོན་ཇི་ལྟར་ཡར་རྒྱས་གཏོང་དགོས་རེད་དམ། ཞེས་པའི་དྲི་བ་དེ་ཧ་ཅང་ཆེན་པོ་ཆགས་ཀྱི་འདུག རྣམ་པ་ཚོ་ཚང་མས་མཁྱེན་གསལ་རེད། ཨ་རིར་རྒྱ་གར་ནས་སློབ་སྦྱོང་བྱེད་དུ་འགྲོ་མཁན་ལོ་རེར་སློབ་ཕྲུག་སྟོང་ཕྲག་དགུ་བཅུ་གོ་གྲངས་འགྲོ་གི་ཡོད། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་མི་འབོར་ཡོངས་རྫོགས་ཨ་རིར་བཏང་བ་བཞིན་རྒྱ་གར་ནས་སློབ་ཕྲུག་འགྲོ་གི་ཡོད། རྒྱ་ནག་ནས་ཕལ་ཆེར་སྟོང་ཕྲག་དགུ་བཅུ་གོ་བདུན་གོ་བརྒྱད་ཙམ་ཡིན་པ་ཡོད། ངས་གོ་ཐོས་ལ་རྒྱ་གར་གྱི་གྲངས་འབོར་མཐོ་ཤོས་རེད། ཅེས་བརྗོད་ཀྱི་འདུག
བལ་ཡུལ་ནས་སྟོང་ཕྲག་བརྒྱད་དགུ་ཙམ་ཨ་རིར་སློབ་སྦྱོང་བྱེད་དུ་འགྲོ་གི་ཡོད་འདུག བལ་ཡུལ་དང་རྒྱ་ནག་གི་སློབ་ཕྲུག་སོགས་ཐུག་མྱོང་ཡོད། ཁོང་ཚོས་དཀའ་ལས་མང་པོ་བརྒྱབ་སྟེ་ཨ་རིར་སླེབས་པ་ཡིན་ཞེས་བརྗོད་བྱུང། ང་ཚོ་བོད་པའི་སློབ་ཕྲུག་ལ་ག་རེ་འདང་གི་མེད་པ་རེད། སློབ་གྲྭའི་མཐུན་རྐྱེན་ཐོག་བལྟས་ན་དེང་སང་སློབ་གྲྭ་ཁག་མང་ཆེ་བའི་ནང་ཀམ་པུ་ཊར་དང་དྲ་རྒྱ་འདུག ང་འོས་འདེམས་མ་བྱུང་གོང་སློབ་གྲྭ་ཞིག་ཏུ་འགྲོ་སྐབས་སློབ་གྲྭ་དེར་དྲ་རྒྱ་བེད་སྤྱོད་བྱེད་ཀྱི་མི་འདུག སྐབས་དེར་ངས་སློབ་སྤྱིར་ཅིའི་ཕྱིར་དྲ་རྒྱ་བེད་སྤྱོད་བྱེད་ཀྱི་མེད་དམ་བརྗོད་སྐབས། ཁོང་གིས་ཕྲུ་གུ་ཚོས་(Facebook) དང་(Chat) སོགས་མགོ་འཁོར་ཏེ་དུས་ཚོད་འཕྲོ་བརླག་བཏང་གི་འདུག་ཅེས་གསུངས་བྱུང། ཕྲུ་གུ་གཅིག་གཉིས་ཀྱི་དུས་ཚོད་འཕྲོ་བརླག་བཏང་སྟེ་ཕྲུ་གུ་ཚང་མར་དྲ་རྒྱ་བེད་སྤྱོད་བྱེད་རྒྱུ་མེད་པ་བཟོས་ན་དེ་དཀའ་ངལ་རེད། དེར་བརྟེན་དྲ་རྒྱའི་ཆ་རྐྱེན་བསྐྲུན་པ་དེ་ཕྲུ་གུ་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ལ་མེད་པ་ཆགས་ན་གྱོང་སུར་རག་གི་ཡོད་དམ། ང་ཚོའི་དགེ་རྒན་རྣམ་པས་གཙོས་མཛད་གཙོ་རྣམ་པ་ཚོས་མང་ཚོགས་ཁྲོད་ལན་མང་གསུངས་ཡོད། ཨ་རིའི་ནང་ཇིའུ་མི་རིགས་བཞིན་ང་ཚོས་བྱེད་དགོས་ཀྱི་འདུག ཅེས་གསུངས་ཀྱི་ཡོད།
དེའི་ནང་ནས་ཨར་མེ་ནི་ཡན་ཚོ་ཡང་ཇུ་ཤི་མི་རིགས་བཞིན་ཡོད། ཇིའུ་མི་རིགས་ཀྱི་ཕ་མ་གཉིས་ལ་ཕྲུ་གུ་གཉིས་ཡོད་ན། དེ་ནས་གཅིག་སྨན་པ་མ་ཆགས་ན་ཕ་མ་ཡིན་པ་གོ་ཆོད་མེད་པ་དང་ཕྲུ་གུ་ཡིན་པ་གོ་ཆོད་མེད་ཅེས་བཤད་སྲོལ་ཡོད། གལ་ཏེ་ནིའུ་ཡོཀ་ཏུ་ཕྱིན་ན་སྨན་པ་གསུམ་ཐུག་ན་གཅིག་ཇིའུ་མི་རིགས་རེད། ཁ་སྔོན་བོད་པའི་སྨན་པ་ཞིག་ཐུག་སྐབས་ཁོང་གིས་ཀྱང་ཁོང་ཚོའི་སྨན་ཁང་ནང་སྨན་པ་བརྒྱ་ཆ་དགུ་བཅུ་ཇིའུ་མི་རིགས་རེད་ཅེས་བརྗོད་བྱུང། ཇིའུ་སྤྱི་ཚོགས་སྤྱི་ཡོངས་ནང་ཤེས་ཡོན་ལ་དོ་སྣང་དང་མཐོང་སྤྲོད་ཀྱི་ཡོད། ཨ་རིའི་གཞུང་ནང་ཡང་ཇུ་ཤི་མི་རིགས་མང་པོ་ཡོད། ད་ལྟ་འགྱུར་བ་ཕྱིན་ཡོད་ན་མི་ཤེས། སྔོན་མ་ཡིན་ན་ཕྱི་སྲིད་ཀྱི་ཐོག་ནས་ཨ་རིའི་དཀྱིལ་ཤར་ཡུལ་གྲུའི་ནང་ནས་པེ་ལི་སི་ཊན་དང་ཨི་སི་རེལ། ཨི་རཱན་སྒང་(Central Middle East) ལ་ཆེད་མངགས་བཙུགས་པའི་ཚན་པ་ཞིག་ཡོད། ཚན་པ་དེའི་ལད་དོན་ཐོག་ཨ་རིའི་སྲིད་འཛིན་གྱི་སློབ་སྟོན་པ་ཞིག་ཡོད་པ་ཁོང་ཡང་ཇིའུ་མི་ཞིག་རེད། པེ་ལི་སི་ཊན་དང་ཨི་སི་རེལ། ཨི་རཱན་བཅས་ཀྱི་རྙོག་གྲ་སེལ་ཆེད་ཨ་རིའི་སྲིད་འཛིན་གྱི་སློབ་སྟོན་པ་ཇིའུ་མི་རིགས་གང་འདྲ་བྱས་ཏེ་བསླེབས་པ་རེད་ཅེ་ན། ཁོང་སློབ་སྦྱོང་རྩེ་ཕུད་དང་། མཁས་པའི་ལག་འཁྱེར་ཡོད་པ་མ་ཟད། རིགས་གཅིག་རྐང་འཛིན་མཆོག་ཏུ་གྱུར་བ་ཞིག་ཡིན་པར་བརྟེན་ཨ་རིའི་སྲིད་འཛིན་གྱི་སློབ་སྟོན་པར་བདམས་ཡོད། ཅེས་གསུངས།
ལྷག་པར་སྲིད་སྐྱོང་མཆོག་གིས་བོད་མིས་རང་ལུས་མེར་སྲེག་གཏོང་མཁན་རྣམ་པའི་མངོན་འདོད་གང་ཡིན་དང་འབྲེལ་གསུང་དོན། རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་ང་ཚོ་འཇིག་རྟེན་འདི་ནས་ཁ་བྲལ་ནས་འགྲོ་གི་ཡིན། ཁྱེད་རང་ཚོ་ལྷག་མཁན་ཚོས་རང་དབང་བསྒྲུབ་པ་གནང་བ་དང་བོད་རྒྱལ་ཁབ་དེ་བདག་པོ་རྒྱག་རོགས། གལ་སྲིད་ང་ཚོ་མ་གྲོངས་པ་ཡིན་རུང་རྒྱ་མིའི་བཙོན་ཁང་ནང་སྡུག་སྦྱོང་མྱང་ནས་སྡོད་རྒྱུ་རེད། ཕྱི་ཕྱོགས་རང་དབང་ལུང་པའི་ནང་ཡོད་མཁན་བོད་མི་སྤྱི་དང་ཡང་སྒོས་མ་འོངས་པའི་སོན་རྩ། དགེ་རྒན་དང་སློབ་སྤྱི། སྲི་ཞུ་བ་ཚོས་འགན་འཁྱེར་བའི་ཐོག་ང་ཚོའི་མངོན་འདོད་བསྒྲུབ་པ་གནང་རོགས། ཞེས་རེ་བརྒྱབ་ཀྱི་ཡོད། དེ་བཞིན་བོད་མིའི་གཞིས་ཆགས་ཁག་འཛུགས་མཁན་མི་རབས་རྒན་པ་དེ་དག་གིས་རྔུལ་ཁྲག་བེད་སྤྱོད་བཏང་སྟེ་སྒྲིག་འཛུགས་སྲ་བརྟན་ཞིག་བཙུགས་ཡོད་པ་མ་ཟད། གཞིས་ཆགས་དང་སློབ་གྲྭ་ཁག་མཐུན་རྐྱེན་བསྐྲུན་ཡོད་པ་རྣམས་ང་ཚོས་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་པའི་ལོ་རྒྱུས་ལ་བལྟས་རུང་ང་ཚོས་སྤོབས་སེམས་བསྐྱེད་དགོས་པ་ཞིག་ཡོད། བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་འཛམ་གླིང་ལ་ངོམས་ཆོག་པ་ཞིག་ཡོད། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་འདིར་ངོམས་ཆོག་པ་ཞིག་ཡོད།
འོན་ཀྱང་སློབ་གྲྭ་གཅིག་ནང་ལ་ཡུལ་མི་ཕྲུ་གུ་དེ་དག་སྐྱོ་པོ་ཉམ་ཐག་ཡིན་རུང་ང་ཚོ་ཕྲུ་གུ་ལས་བརྒྱ་ཆ་མང་བ་ག་རེ་བྱས་ནས་ལེན་ཐུབ་ཀྱི་ཡོད་པ་རེད་དམ། ཤེས་ཡོན་སྲིད་བྱུས་དེ་མུ་མཐུད་ནས་གནས་ཀྱི་རེད། གང་ལ་ཞེ་ན་གྲོས་ཚོགས་ཀྱི་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་ཆགས་ཡོད་སྟབས་འགྱུར་བ་འགྲོ་གི་མ་རེད། འོན་ཀྱང་ཡར་རྒྱས་གཏོང་དགོས་པ་ག་རེ་འདུག་དེར་བལྟ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། སོགས་ཀྱི་གསུང་བཤད་གནང་ཡོད།