༢༠༡༣ རེས་གཟའ་པ་སངས།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མེ་ཌེན་ཊ་ཞེས་པའི་སྨན་ཁང་གི་ཕོ་བ་དང་རྒྱུ་མའི་སྐྲན་ནད་བཅོས་པའི་དེང་རབས་ཅན་གྱི་སྨན་བཅོས་སྡེ་ཚན་གསར་པ་ཞིག་དབུ་འབྱེད་མཛད་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་སུ་ཆགས་པའི་གུར་གྷ་འོང་(Gurgaon) གྲོང་ཁྱེར་རུ་(Medanta) ཞེས་པའི་སྨན་ཁང་དབུ་འབྱེད་མཛད་པ་དང་ཆབས་ཅིག་འཕྲོད་བསྟེན་དང་མིའི་ལུས་སེམས་ཀྱི་བདེ་སྡུག་སྐོར་བཀའ་སློབ་སྩལ་དོན། ལུས་པོ་བདེ་ཐང་ཡོང་བའི་རྒྱུ་རྐྱེན་ནི། ཕྱིའི་ལུས་པོ་གཅིག་པུ་མ་ཡིན་པར་ནང་སེམས་གཙང་མ་བཞག་དགོས་པ་འདི་གལ་ཆེ་བ་ཡིན་ཞིང་། གལ་སྲིད་ནང་སེམས་ཀྱི་བདེ་བ་བསྐྲུན་ཐུབ་པ་བྱུང་ན། ཕྱི་ལུས་པོའི་བདེ་ཐང་ནི། འཕྲོད་བསྟེན་གྱི་མཐུན་རྐྱེན་ཐོག་ནས་རང་བཞིན་ལྟ་སྐྱོང་ཐུབ་རྒྱུ་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་པའི་(Medanta) སྨན་གྱི་གཙུག་ལག་སློབ་གཉེར་ཁང་གིས་ (Endoscopy) སྐྲན་ནད་སྡེ་ཚན་དེ་བཞིན་དེང་དུས་ཀྱི་ཚན་རིག་ལག་རྩལ་དང་འཕྲུལ་རིག་གི་མཐུན་རྐྱེན་ལྡན་པའི་སྐྲན་ནད་སྔོན་འགོག་དང་བཅོས་ཐབས་བཅས་ཀྱི་ཐད་ལ་ཆེས་དེང་རབས་ཅན་གྱི་ཉམས་ཞིབ་དང་ཞིབ་འཇུག་བསྟི་གནས་ཁང་ཞིག་ཏུ་ཆགས་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད་སྐོར་གོང་གསལ་གཙུག་ལག་སློབ་གྲྭའི་མཐོ་རིམ་སྨན་པ་དང་འཛིན་སྐྱོང་འགན་འཛིན་(Dr. Randhir Sud) ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་སྙན་སེང་ཞུས་འདུག་པ་བཅས། །