༢༠༡༣ ཟླ་ ༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཙེས་ ༢༤ ཉིན་རྒྱ་གར་རཱ་ཇེ་སི་ཐཱན་གྱི་མངའ་སྡེའི་གྲོང་ཁྱེར་ཇེའི་པུར་ནང་ (Jaipur) རྩོམ་རིག་སྒྱུ་རྩལ་གྱི་དུས་སྟོན་ (Jaipur Literature Festival) མཛད་སྒོའི་སྐབས་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་མགོན་པོ་གང་ཉིད་མཆོག་ཁུལ་དེའི་རཱམ་བྷཱག་ (Rambagh Palace) ཕོ་བྲང་ཞེས་པའི་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་བྷི་ན་ཀག་ (Bina Kak) མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་ནས་ཕྱེད་ཡོལ་ཙམ་ནས་༸གོང་ས་མཆོག་རྩོམ་རིག་སྒྱུ་རྩལ་གྱི་བསྟི་གནས་ཁང་གི་ཕོ་བྲང་(Diggi Palace) ཞེས་པར་ཆིབས་སྒྱུར་བསྐྱངས་སྐབས་རྒྱ་གར་གྱི་རྩོམ་པ་པོ་སྐུ་ཞབས་པི་ཀོ་ཨའི་ཡར་ (Pico Iyer) ལགས་དང་དུས་སྟོན་གོ་སྒྲིག་གི་སྦྱིན་བདག་སྐུ་ཞབས་སན་ཇོའི་རོའི་ (Sanjoy Roy) ལགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་གྲངས་ ༤༠༠༠ ལྷག་འདུ་འཛོམས་བྱུང་བའི་མཛད་སྒོའི་ཐོག་པི་ཀོ་ཨའི་ཡར་ (Pico Iyer) ལགས་དང་ལྷན་བགྲོ་གླེང་གི་ཚུལ་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་ལ་ཐོས་བསམ་སྒོམ་གསུམ་གྱི་སློབ་གཉེར་མཛད་ཕྱོགས་སྐོར་བཀའ་བསྡུར་མཛད།
དེ་ཡང་ཐོག་མར་ཁོང་གིས་༸གོང་ས་མཆོག་སྐུ་བྱིས་པའི་སྐབས་སྟོན་པ་བཅོམ་ལྡན་འདས་སྐྱེ་རབས་གསན་སྐབས་ཐུགས་ཀྱི་མྱོང་བ་ཇི་ལྟར་འཁྲུངས་ཚུལ་ད་སྐབས་ཐུགས་དྲན་གསོ་མཛད་བཞིན་ཡོད་མེད་ཀྱི་དྲི་བ་ཞུས་པར། ༸གོང་ས་མཆོག་གིས་སྟོན་པའི་སྐྱེ་རབས་མཇལ་སྐབས་བཅོམ་ལྡན་འདས་ཀྱིས་འགྲོ་བ་རྣམས་ཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་གྲོལ་ཆེད་དག་པའི་སྐྱེ་བ་ལྔ་བརྒྱ་དང་མ་དག་པའི་སྐྱེ་བ་ལྔ་བརྒྱ་བཞེས་པའི་མཛད་པ་རྣམས་དྲན་སྐབས་མགོན་པོ་གང་ཉིད་མཆོག་གི་ཐུགས་ལ་ཧ་ཅང་གཡོ་འགུལ་ཐེབས་བཞིན་ཡོད་སྐོར་བཀའ་ལན་སྙིང་བསྡུས་ཤིག་སྩལ་རྗེས་རྒྱ་གར་སྲོལ་རྒྱུན་སྐོར་མུ་མཐུད་བཀའ་སློབ་སྩལ་དོན།
རྒྱ་གར་འཕགས་པའི་ཡུལ་ནི་བསྟན་པ་དར་སའི་གནས། ཞེས་ངོས་རང་ཆུང་དུས་ནས་དད་གུས་ཧ་ཅང་ཆེན་པོ་ཡོད། སྤྱིར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་ནས་བཙུན་མོ་ཁབ་ཏུ་བཞེས་ཀྱང། ཁོང་དང་ཆོས་རྒྱལ་རིམ་བྱོན་རྣམས་ཀྱིས་བོད་མི་ཚོར་ནང་ཆོས་དེ་བཞིན་འོས་འཚམ་ཆེ་ཤོས་སུ་གཟིགས་ནས་རྒྱ་གར་གྱི་བླ་མར་བསྟན་ནས་ནང་ཆོས་ལ་སློབ་གཉེར་བྱེད་འགོ་བཙུགས་པར་བརྟེན། དུས་རབས་ ༨ ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་ན་ལེནྡྲ་ནས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་ཞུས་ཡོད། མཁན་ཆེན་གྱིས་བརྩམས་པའི་དབུ་ཚད་ཀྱི་གཞུང་དེ་དག་ནས་མཁས་པའི་ཁྱུ་མཆོག་ཡིན་པ་ར་སྤྲོད་ཐུབ་རྒྱུ་མ་ཟད། སྔ་མོ་ནས་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་གནང་རྒྱུའི་སློབ་ཚན་གཙོ་བོ་ཆགས་ཡོད། ཅེས་བཀའ་སྩལ། དེ་ནས་སྟོན་པ་བཅོམ་ལྡན་འདས་ཀྱིས། དགེ་སློང་བདག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བ་བྱ་ཡི་གུས་ཕྱིར་མིན། །ཞེས་པ་དེར་༸གོང་ས་མཆོག་ལ་དགོངས་ཚུལ་ཇི་ཡོད་ཁོང་གིས་བཀའ་འདྲི་ཞུས་པར། མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། སྟོན་པའི་བཀའ་འདི་པཱ་ལི་དང་ལེགས་སྦྱར་སྐད་ཡིག་གཉིས་ཀའི་ནང་འདུག་བསམ་བྱུང། སྟོན་པའི་གསུང་དེར་གཞི་བཅོལ་ནས་ན་ལེནྡྲའི་མཁས་པ་ཀླུ་སྒྲུབ་དང་ཨརྱཱ་དེ་ཝ་སོགས་ཀྱིས་སྟོན་པའི་གསུང་པའི་བཀའ་ལ་རིག་པའི་བརྡར་ཤ་བཅད་ནས་སློབ་གཉེར་དག་ཐེར་མཛད་ཡོད། ངོས་ཀྱིས་ལོ་ངོ་ ༤༠ སྔོན་ཙམ་ནས་ཚན་རིག་པ་དང་ཐོག་མར་འབྲེལ་བ་བྱེད་སྐབས། གྲོགས་པོ་འགའ་ཤས་ནས་ཚན་རིག་ནི་ཆོས་ལ་ཡིད་ཆེས་བརླག་འཇུག་མཁན་ཞིག་ཡིན་པར་བརྟེན། ཡིད་གཟབ་བྱེད་དགོས་པའི་ཉེན་བརྡ་ཡང་བཏང་བྱུང། འོན་ཀྱང་ཚན་རིག་པས་རིག་པའི་བརྡར་ཤ་བཅད་ནས་དངོས་ཡོད་གནས་ཚུལ་ཤེས་ཐབས་བྱེད་ཀྱི་ཡོད་པ་ལྟར། ནང་པ་ཚོས་ཀྱང་རིག་པ་གཙོ་བོ་བྱས་ནས་ཆོས་རྣམས་ཀྱི་གནས་ལུགས་གཏན་ལ་འབེབ་རྒྱུའི་ཐབས་ལམ་གཅིག་མཚུངས་ཆགས་ཡོད།
འོན་ཀྱང་དེ་གཉིས་ཁྱད་པར་ཡོད་པ་ནི། ཚན་རིག་པ་ཚོས་དཔྱད་ཡུལ་གཙོ་བོ་ཕྱི་དངོས་པོའི་ཆོས་དང། ནང་པ་ཚོས་ནང་བསམ་བློ་དང་སེམས་ཚོར་གྱི་རྣམ་གཞག་ལ་དཔྱད་པ་བྱ་རྒྱུ་གཙོ་བོར་འཛིན་བཞིན་ཡོད། ནང་ཆོས་ནས་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ་འགྱུར་བའི་རང་བཞིན་ཡིན་པ་དང། ནང་པ་སངས་རྒྱས་པའི་འདོད་པའི་མི་རྟག་པ་ཕྲ༌རགས་གཉིས་ལས་སྐད་ཅིག་སྐད་ཅིག་འགྱུར་བའི་ཆོས་ཅན་དེར་ཕྲ་བའི་མི་རྟག་པར་བཞག་པ་དེར། དེང་སྐབས་ཚན་རིག་པས་འཕྲུལ་ཆས་ལམ་ནས་བརྟག་དཔྱད་བྱེད་སྐབས་དངོས་ལྡན་ཡིན་པའི་ར་སྤྲོད་ཐུབ་ཡོད། སྔ་མོ་རྒྱ་གར་གྱི་རྡུལ་ཕྲན་དངོས་ཁམས་ཚན་རིག་པ་སྐུ་ཞབས་རཱ་ཇཱ་ར་མན་ནཱ་ (Raja Ramanna) མཆོག་དང་མཇལ་འཕྲད་སྐབས་ཁོང་གིས་གདེངས་སྤོབས་ཆེན་པོའི་ཐོག་ནས། མགོན་པོ་ཀླུ་སྒྲུབ་ཀྱིས་ལོ་ངོ་ ༢༠༠༠ སྔོན་ནས་བརྩམས་པའི་གཞུང་ནང་དེང་སྐབས་ཚད་རྡུལ་ལམ་ཀོན་ཊོམ་ (Quantum) གྱི་རྣམ་གཞག་སྐོར་གསུངས་ཡོད། ཅེས་ངོས་ལ་བརྗོད་བྱུང། ཞེས་བཀའ་སློབ་སྩལ་བ་དང་སྦྲགས། ༸གོང་ས་མཆོག་གིས་རྒྱ་གར་སྲོལ་རྒྱུན་ནས་གསུང་པའི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་ཧ་ཅང་དད་གུས་ཞུ་བཞིན་ཡོད་པ་མ་ཟད། དེང་སྐབས་དཔལ་འབྱོར་འཛུགས་སྐྲུན་དང་ལྷན་ནང་བསམ་བློའི་བསླབ་བྱ་དེ་དག་རང་ཉིད་ཉིན་རེའི་འཚོ་བའི་ནང་ལག་བསྟར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང། བོད་མི་ཚོས་རྒྱ་གར་ང་ཚོའི་བླ་མ་དང་ང་ཚོ་རྒྱ་གར་གྱི་སློབ་མར་ངོས་འཛིན་བྱེད་བཞིན་ཡོད།
དེར་བརྟེན་རིན་ཐང་དེ་དག་རྒྱ་གར་བ་ཚོས་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ཐད་ང་ཚོར་སེམས་འཚབ་ཡོད། ཅེས་བཀའ་སློབ་སྩལ། དེ་ནས་པི་ཀོ་ཨའི་ཡར་ལགས་ཀྱིས། ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་འཇིག་རྟེན་ཀུན་ལ་སྨན་པའི་བཟང་སྤྱོད། (Beyond Religion: Ethics for a Whole World) ཅེས་པའི་དཔེ་དེབ་དེ་བཞིན་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་ཡོད་པ་དེས། སྐུ་ཉིད་ལ་ཆོས་ལས་ལྷག་པའི་ལམ་ཞིག་རྙེད་པའི་གོ་དོན་ཡིན་ནམ། ཞེས་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། དེབ་ཀྱི་མིང་བྱང་དེ་འགྲེམས་སྤེལ་བས་བཀོད་འདུག ངོས་ཀྱི་བསམ་ཚུལ་མིན། མིང་བྱང་དེས་གོ་བ་དེ་འདྲ་ཞིག་མི་ཡོང་ངམ་བསམ་པ་ངོས་ལ་བློ་འཚབ་བྱུང་། འོན་ཀྱང་ངོས་ལ་ཆོས་ལས་ལྷག་པའི་ལམ་ཞིག་རྙེད་པའི་གོ་དོན་དེ་འདྲ་རྩ་བ་ནས་མིན་པར། ངོས་ཀྱིས་དཔེ་དེབ་ནང་ཞུ་རྒྱུའི་ནང་དོན་གཙོ་བོ་ནི། ཆོས་ལུགས་མི་འདྲ་བ་ཚང་མའི་ནང་ཡ་རབས་བཟང་སྤྱོད་བྱེད་དགོས་པའི་བསླབ་བྱ་ཡོད་པར་བརྟེན། ཆོས་ལུགས་བྱེ་བྲག་པ་གཅིག་ལ་མ་བརྟེན་པར་གཞི་རྩའི་འགྲོ་བ་མིའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་ཐབས་བྱས་ཡོད། ཅེས་སོགས་ཀྱི་བཀའ་ལན་སྩལ།
དེ་རྗེས་༸གོང་ས་མཆོག་གིས་གསར་འགོད་པར་རྒྱ་གར་ནང་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་འཚོ་གནས་བྱས་དང་བྱེད་མུས་ཀྱི་སྲོལ་རྒྱུན་དེར་བསྔགས་བརྗོད་མཛད་པ་དང། བྱམས་བརྩེ་གལ་ཆེ་ཡིན་སྐོར་སོགས་བཀའ་སློབ་སྩལ། སྐབས་དེར་གསར་འགོད་པ་གཅིག་གིས་༸གོང་ས་མཆོག་ལ་ཧིན་དུའི་ཆོས་ལུགས་ཀྱི་སྡིག་ཁྲུས་བྱེད་ས་ཨི་ལ་ཧ་བྷ་དིའི་ཀུམབྷཱ་མེ་ལཱ་ (Kumbh Mela) ཞེས་པ་དེར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་ནམ། ཞེས་ཞུས་པར་༸གོང་ས་མཆོག་གིས་ཟླ་བ་རྗེས་མར་གནས་གཟིགས་མཛད་རྒྱུ་ཡིན་པ་དང། ཐེངས་འདིའི་གནས་གཟིགས་ནི་ཐེངས་བཞི་པ་ཆགས་རྒྱུ་དང། གནས་གཟིགས་ཐེངས་དང་པོའི་སྐབས་ནས་༸གོང་ས་མཆོག་གིས་ཁུལ་དེར་ཧིན་དུའི་དད་ལྡན་ས་ཡ་མང་པོ་འདུ་འཛོམས་བྱེད་བཞིན་ཡོད་ནའང། མི་ཚང་མས་དཀར་སྐྱོང་ཁོ་ནར་བརྟེན་པ་ནི་ངོ་མཚར་ཧ་ཅང་ཆེན་པོ་ཡིན་པར་ངོས་འཛིན་མཛད་བཞིན་ཡོད་སྐོར་བཀའ་ལན་སྩལ་ཡོད་པ་བཅས།།