༢༠༡༢ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢ ཉིན་བཏང་གནས་ནང་འཁོད་དོན། ནིའུ་ཡོཀ་ཏུ་རྟེན་གཞི་བྱས་པའི་རྒྱ་བོད་ཉམས་ཞིབ་ཚོགས་པ་དང་ཨོ་སི་ཌོ་ལི་ཡའི་རྒྱ་བོད་མཐུན་ཚོགས་གཉིས་ནས་གོ་སྒྲིག་འོག་རྒྱལ་སྤྱིའི་རྒྱ་བོད་བགྲོ་གླེང་ཚོགས་འདུ་ཞིག་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༩ ནས་ཚེས་ ༣༠ བར་གྲོང་ཁྱེར་ཆེ་ཤོས་སིད་ཌིནི་ཡི་བེང་སི་ཊོན་ (Bankstown) ཁུལ་དུ་ཉིན་གཉིས་རིང་ཚོགས་པའི་ཚོགས་འདུའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་ཨོ་སི་ཌོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། བོད་མི་མང་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས།
སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས། ཕྱི་དྲིལ་རྒྱ་སྐད་སྡེ་ཚན་གྱི་འགན་འཛིན་ཚེ་རིང་ལྷ་མོ་ལགས། སྲིད་བྱུས་ཉམས་ཞིབ་ཁང་གི་འཕགས་པ་ཚེ་རིང་ལགས། བཀའ་ཡིག་དྲུང་འཕར་ཚེ་རིང་དབང་ཕྱུག་ལགས། ཡུ་རོབ་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱ་ནག་ཉམས་ཞིབ་པ་རིན་ཆེན་བཀྲིས་ལགས། སིད་ཌི་ནི་ཁུལ་གྱི་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ཨ་རི་དང་ཡུ་རོབ། ཐེ་ཝན་དང་ཧོང་ཀོང་། ནིའུ་ཛི་ལན་ཌི་སོགས་ཡུལ་གྲུ་ཁག་ནས་རྒྱ་རིགས་མཁས་དབང་དང་མང་གཙོ་དོན་གཉེར་བ། རྩོམ་པ་པོ་དང་གསར་འགོད་པ། ཉམས་ཞིབ་པ་དང་སློབ་ཕྲུག དེ་བཞིན་ཨོ་སི་ཊོ་ལི་ཡའི་སིད་ཌི་ནི་དང་མེལ་བྷོན། པར་ཐ་སོགས་གྲོང་ཁྱེར་ཆེ་ཁག་ནས་ཕེབས་པའི་རྒྱ་རིགས་བཅས་མི་གྲངས་ ༡༠༠ ཙམ་ཚོགས་བཅར་གནང་ཡོད།
རྒྱལ་སྤྱིའི་རྒྱ་བོད་བགྲོ་གླེང་ཚོགས་འདུའི་དབུའི་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོན་ནམས་བསྟན་འཕེལ་མཆོག་གི་གསུང་བཤད་གནས་སྐབས་༸གོང་ས་མཆོག་གི་དབུ་མའི་ལམ་དང་དེང་སྐབས་བོད་ནང་གི་གནས་སྟངས། ལྷག་པར་རང་ལུས་མེར་སྲེག་གི་གནད་དོན་སོགས་ངོ་སྤྲོད་གནང་ཡོད། ཉིན་གྲངས་གཉིས་ཀྱི་ཚོགས་འདུའི་རིང་ཚོགས་བཅར་བ་ཡོངས་ནས་སྤྱི་བསྒྲགས་ཤིག་གཏན་འབེབས་གནང་ཡོད་པའི་ནང་རང་བཙན་ནི་བོད་མིའི་ཁྲིམས་མཐུན་ཐོབ་ཐང་ཡིན་པ་ངོས་འཛིན་ཞུས་པ་དང་། བོད་རྒྱའི་གནད་དོན་སེལ་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་ཕན་དབུ་མའི་ལམ་ཀྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུས་ཡོད། སྤྱི་བསྒྲགས་ནང་ད་དུང་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་མི་བརྒྱ་ཕྲག་ཙམ་གྱིས་རང་ལུས་མེར་སྲེག་བཏང་བ་དང་མི་གྲངས་ ༨༠ ལྷག་འདས་གྲོངས་སུ་གྱུར་ཡོད་པའི་ཛ་དྲག་གི་གནད་དོན་དེ་ནི་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་ཁྲག་དྲི་བྲོ་བའི་སྲིད་བྱུས་གསལ་སྟོན་བྱས་ཡོད་ལ། རྒྱ་ནག་གཞུང་གིས་བོད་མི་རང་ལུས་མེར་སྲེག་དོན་རྐྱེན་ལ་སྣང་མེད་ཚོར་མེད་ཀྱི་བྱ་སྤྱོད་དང་། བོད་མིའི་རྩ་ཆེན་ཚེ་སྲོག་ལ་སྣང་ཆུང་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། དེ་དང་ཕྱོགས་མཚུངས་རྒྱ་ནག་གཞུང་གི་རྒྱལ་སྤྱིའི་ཁྲོད་ནས་འབོད་སྐུལ་གནང་བ་བཞིན་འཕྲལ་དུ་བོད་མིར་མནར་གཅོད་སོགས་མཚམས་འཇོག་བྱེད་དགོས་པ་མ་ཟད། བོད་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་བོད་ནང་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པའི་སྐུ་ཚབ་འཐུས་མི་བཏང་སྟེ་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ཇི་ཡིན་དངོས་ཡོད་གནས་ཚུལ་རྟོགས་ཞིབ་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། སྤྱི་བསྒྲགས་ནང་ད་དུང་བོད་མིའི་ཆོས་དད་རང་མོས་ལ་བརྩི་འཇོག་བྱེད་དགོས་པ་མ་ཟད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་ལེའུ་ཞའོ་པོ་གཙོས་རྒྱ་བོད་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་བཙོན་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད།
ཐེངས་འདིའི་ཚོགས་འདུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་སྩལ་ཡོད་པའི་ནང་། སྔ་ལོ་མགོོན་པོ་གང་ཉིད་མཆོག་གིས་ཆབ་སྲིད་སྐུ་དབང་མི་མང་ནས་འོས་འདེམས་གནང་བའི་དབུ་ཁྲིད་ལ་གསོལ་རས་སྩལ་རྗེས་དགའ་ལྡན་ཕོ་བྲང་བཙུགས་པ་ནས་བཟུང་ལོ་ངོ་ ༤༠༠ ཉེ་བའི་ཏཱ་ལའི་བླ་མས་འཛིན་པའི་བོད་ཀྱི་ཆོས་སྲིད་བཟུང་འབྲེལ་གྱི་ལམ་ལུགས་དེ་མཇུག་བསྒྲིལ་མཛད་པ་དང་། མགོན་པོ་གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ངོས་ནས་རྒྱ་བོད་དབར་གྱི་འབྲེལ་ལམ་དང་ལྷག་པར་དམངས་ཁྲོད་དབར་ལྷག་བསམ་རྣམ་དག་གིས་ཕན་ཚུན་འབྲེལ་བ་གནང་རྒྱུར་རྒྱབ་སྐྱོར་མཛད་ཀྱི་ཡོད་པ་དང་། ད་དུང་བར་ལམ་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་སྐབས། རྒྱ་ནག་གཞུང་གི་དོན་དངོས་གནད་དོན་ནས་གཡོལ་ཐབས་ཀྱིས་ཕྱི་ཕྱོགས་ནས་ངན་བསྐུལ་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་བྱས་པ་དེས་གནད་དོན་ཐག་གཅོད་ཐུབ་ཀྱི་མེད་པ་དང་། གལ་ཏེ་དོན་དངོས་ལ་འགན་ཁུར་ཚེ་གནད་དོན་ཁག་དང་འགལ་ཟླ་རིགས་ཐག་གཅོད་ཐུབ་ཀྱི་རེད། མི་རིགས་ཕན་ཚུན་འཆམ་མཐུན་མཉམ་གནས་ཀྱི་གཞི་རྩ་ནི་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་དགོས། འོན་ཀྱང་ཡིད་ཆེས་ཀྱི་གཞི་རྩ་ནི་ཕན་ཚུན་རྒྱུས་ལོན་དང་བསམ་ཤེས་རེད། དྲག་ཤུགས་འོག་མིང་དོན་མཚུངས་པའི་མི་རིགས་མཐུན་སྒྲིལ་ཡོང་མི་སྲིད། རྒྱ་བོད་མི་རིགས་གཉིས་དབར་ལྷག་བསམ་རྣམ་དག་གིས་འབྲེལ་མོལ་གནང་རྒྱུའི་ཚོགས་འདུ་དེ་རྒྱ་བོད་མི་རིགས་གཉིས་དབར་ཕན་ཚུན་བསམ་ཤེས་དང་རྒྱུས་ལོན་གནང་ཚེ། བོད་ཀྱི་གནད་དོན་སེལ་རྒྱུར་ཕན་ཐོགས་ཡོད། ཅེས་གསུང་འཕྲིན་སྩལ་ཡོད་པ་བཅས། །