༢༠༡༢ ཟླ་ ༡༢ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༣༠ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་སྐུ་ཝིཀ་ཊོ་རི་ཡ་ནུ་ལཎྜ་ (Victoria Nuland) མཆོག་གིས་ཕོ་བྲང་དཀར་པོའི་ཉིན་རེའི་གསར་འགོད་ལྷན་ཚོགས་སྐབས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད། སྐབས་དེར་གསར་འགོད་པ་ཞིག་གིས་ལྕམ་སྐུ་མཆོག་ལ་དྲི་བ་ཞུས་དོན། ཁ་སྔོན་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚན་པའི་ལས་དྲུང་སྐུ་ཞབས་མེ་ཀལ་པོས་ནར་(Michael Posner) མཆོག་གིས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་གཉེན་མཚན་དང་ཐུག་འཕྲད་གནང་ཡོད་ཀྱང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག ཅེས་དྲི་བ་ཞུས་པར་མགྲིན་ཚབ་པ་མཆོག་གིས་ལན་འདེབས་གནང་དོན།
གནས་ཚུལ་དེ་བདེན་པ་རེད། བདུན་ཕྲག་རྗེས་མར་བོད་ནང་གི་གནས་སྟངས་ཐོག་ང་ཚོས་ཁྱབ་བསྒྲགས་ཤུགས་ཆེ་བ་ཞིག་སྤེལ་རྒྱུ་ཡིན། ཁ་སྔོན་ལས་དྲུང་མཆོག་གིས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་གསུམ་གྱི་གཉེན་ཚན་དང་ཐུག་འཕྲད་གནང་སྟེ་ཁོང་ཚོར་སེམས་གསོ་དང་གདུང་སེམས་མཉམ་སྐྱེའི་རྣམ་པ་བསྟན་པ་མ་ཟད། བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་དྲག་གནོན་ཆེ་རུ་གཏོང་བཞིན་པ་དང་བོད་མིས་རང་ལུས་མེར་སྲེག་བཏང་བ་དེར་ཨ་རིའི་གཞུང་ཕྱོགས་སེམས་ཚབ་ཧ་ཅང་ཡོད་སྐོར་གསུངས་ཡོད། ང་ཚོའི་ལངས་ཕྱོགས་དང་སེམས་ཚབ་དེ་ཁྱེད་ཚོས་མཁྱེན་གསལ་རེད། རྒྱ་ནག་གཞུང་གིས་བོད་ནང་དུ་ཆོས་དད་རང་དབང་དང་། འདུ་འཛོམས། སྨྲ་བརྗོད་རང་དབང་སོགས་ལ་དམ་བསྒྲགས་བྱེད་རྒྱུའི་སྲིད་བྱུས་དེ་ནི་ཕན་པ་ལས་གནོད་པ་ཆེ་བ་ཡོད། སྲིད་བྱུས་དེས་གནས་སྟངས་དེ་བས་ཛ་དྲག་ཏུ་གཏོང་བཞིན་ཡོད།
ཕྱོགས་མཚུངས་བདུན་ཕྲག་སྔོན་མའི་ནང་མཚོ་སྔོན་ཞིང་ཆེན་གྱི་གསོ་རིག་སློབ་མ་སྟོང་ཕྲག་གཅིག་ཙམ་གྱིས་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག དེ་བཞིན་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་སྐྱོན་བརྗོད་དང་དམའ་འབེབས་བྱས་པའི་དཔེ་དེབ་འགྲེམས་སྤེལ་བྱས་པ་དེར་ཞི་རྒོལ་བྱེད་སྐབས་ཉེན་རྟོག་མི་སྣ་དང་འཐབ་རྩོད་བྱུང་རྗེས་སློབ་མ་གྲངས་ ༢༠ ལ་སྨད་སྐྱོན་བཟོས་ཡོད། དེར་བརྟེན་གནད་དོན་དེ་ང་ཚོས་མུ་མཐུད་དྲིལ་བསྒྲགས་བྱ་རྒྱུ་ཙམ་མ་ཟད། ཟུར་དུ་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་ཚན་པ་མཐོ་དམའ་ཚང་མར་བོད་མིའི་དངོས་ཡོད་དཀའ་ངལ་སེལ་དགོས་པ་མ་ཟད། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་བཅས་ལ་ཉེན་ཚབས་བཟོ་བཞིན་པའི་སྲིད་བྱུས་དེར་འགྱུར་བ་གཏོང་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན། སྤྱིར་བདུན་ཕྲག་རྗེས་མའི་ནང་ང་ཚོས་བོད་ཀྱི་གནད་དོན་ཐོག་སྐད་ཆ་དེ་བས་མང་བ་ཤོད་རྒྱུའི་གོ་རིམ་སྒྲིག་ཡོད། ཅེས་ལན་འདེབས་གནང་ཡོད།
དེ་རྗེས་གསར་འགོད་པ་དེས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་སུ་དང་ཐུག་འཕྲད་བྱུང་སྐོར་ཞིབ་ཕྲ་གསལ་བཤད་གནང་རྒྱུའི་ཐབས་ཤེས་གནང་ཡང་ལྕམ་སྐུ་མཆོག་གིས་ནང་མི་དེ་དག་གི་སྲུང་ཆར་ཉེན་ཁ་འཕྲད་སྲིད་པར་བརྟེན་ཞིབ་ཕྲ་གསལ་བཤད་གནང་མེད་པ་བཅས།།